ཟླ7པའི་ཚེས15ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་ཚོགས་སྐབས་ཉེར་བདུན་པའི་ཀྲུང་གོ(མཚོ་སྔོན)དང་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་མཉམ་འབྲེལ་བརྗེ་རེས་ཚོགས་འདུ་ཚོགས། ཀྲི་ལིའི་ཀྲུང་སྡོད་གཞུང་ཚབ་ཁང་གི་ཚོད་དོན་ཚན་ཙན་ཨན་ཏི་ལེ་སི・ཀི་པོར・མི་ལེ་ཡ་སི་དང་། མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཝང་ཞོན་གཉིས་ཚོགས་འདུར་ཞུགས་ཤིང་ཤིས་ཚིག་ཕུལ།བསམ་ཚུལ་བརྗེ་རེས་ཚོགས་འདུའི་སྟེང་། ཕྱོགས་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་ཚབ་པས་ཁྱད་ལྡན་ཐོན་ལས་དང་ཉོ་ཚོང་དངོས་དོན་མཉམ་འབྲེལ་ཟབ་སྤེལ་བྱ་རྒྱུ་དམིགས་ནས་གཏིང་ཟབ་སྒོས་བསམ་ཚུལ་བརྗེ་རེས་བྱས།ཀྲི་ལིའི་ཀྲུང་སྡོད་གཞུང་ཚབ་ཁང་གི་ཚོང་དོན་ཚན་ཙན་དང་། དེ་བཞིན་ཨེ་ཀི་བཟའ་ཆས་ཉོ་ཚོང་ཧྲང་ཧེ་ཚད་ཡོད་ཀུང་ཟི་དང་། ཧྥུའུ་ཐེ་ཧྲང་ཧེ་ཁེ་ལས་འདྲི་རྩད་འགན་ཁུར་ཚད་ཡོད་ཀུང་ཟི། ཨེ་ཁོན་ཀུང་ཟི། ཝོ་སི་ཝེ་པེ་ཅིན་ཉོ་ཚོང་འགན་ཁུར་ཚད་ཡོད་ཀུང་ཟིའི་འཐུས་ཚབ་པ་དག་གིས་ཁྱད་ལྡན་ཐོན་ལས་སྟེང་གཅིག་ཏུ་འདུས་ནས། ཉོ་ཚོང་མཉམ་འབྲེལ་ཁྲོད་ཀྱི་ལེགས་གྲུབ་ཉམས་མྱོང་དང་ལག་ལེན་དངོས་དཔེ་མཉམ་སྤྱོད་བྱས། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཡ་གླིང་ཀོས་ལས་རིགས་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཐེ་ཧྥིན་སྔོན་སྐྱོད་ལི་ནུས་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འཐུས་ཚབ་པས་རིམ་པ་བཞིན་དུ། མཚོ་སྔོན་གྱི་ཡུལ་སྐོར་ཐོན་ཁུངས་ནུས་སྤྲོད་དང་། ཐོན་ཁུངས་གསར་བའི་ཐོན་ལས་བཀོད་སྒྲིག་དང་ཚྭ་མཚེའུ་རྫས་འགྱུར་འཕེལ་རྒྱས་ཀྱི་གོ་སྐབས་མཚམས་སྦྱོར་བྱས། བྱེད་སྒོའི་ཡུལ་དངོས་སུ། མཚོ་སྔོན་ཞིང་ཆེན་ཚོང་འགུག་ཅུས་དང་ཀྲི་ལི་ཕྱིར་གཏོང་སྐུལ་སྤེལ་སྤྱི་ཁྱབ་ཅུས་གཉིས་ཀྱིས་མཉམ་འབྲེལ་སྒྲོམ་གཞིའི་གྲོས་ཡིག་བརྗེ་ལེན་བྱས།ཐེངས་འདིའི་བསམ་ཚུལ་བརྗེ་རེས་ཚོགས་འདུས་མཚོ་སྔོན་དང་ཀྲི་ལིའི་ཁ་བརྡ་གཏིང་ཟབ་མོ་དང་། དོན་དངོས་སྦྲེལ་མཐུད་ཀྱི་སྟེགས་བུ་གལ་ཆེན་བསྐྲུན་པ་དང་། གོམ་གང་མདུན་སྤོས་ཀྱིས་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་། ཡུལ་སྐོར། ཐོན་ལས་མཉམ་འབྲེལ་ཀྱི་བགྲོད་ལམ་གསར་བ་རྒྱ་སྐྱེད་བཏང་། ཕྱོགས་གཉིས་ཀྱིས་ཐེངས་འདིའི་བརྗེ་རེས་ཚོགས་འདུ་འདི་གོ་སྐབས་སུ་བཟུང་ནས། རྒྱུན་ཆད་མེད་པར་སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་བྱེད་པ་དང་། ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་ཀྱི་རྒྱུན་རྣམ་ཅན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མཉམ་འབྲེལ་རྒྱུ་ལམ་རྒྱ་སྐྱེད་གཏོང་བ་དང་། མཉམ་འབྲེལ་རྣམ་པ་གསར་གཏོད་བྱས་ཏེ། མཚོ་སྔོན་དང་ཀྲི་ལིའི་ཉོ་ཚོང་འགྲོ་འོང་རྒྱུན་རྣམ་ཅན་དང་། བརྗེ་རེས་མཉམ་འབྲེལ་ཡུན་ཕན་ཅན་དུ་སྐུལ་འདེད་གཏོང་རྒྱུ་རེད།