རྨ་ཆུའི་ཆུ་མགོ་སྟེ་ཡག་གི་རྩང་ལེ་ཆུ་བོ་ཆལ་ཆིལ་དུ་འབབ་ཅིང་། འབྲི་ཆུའི་ཁུག་སོ་དང་པོ་གཡུ་འབྲུག་གི་འཁྱུག་འགྲོས་ལྟར་རི་ཀླུང་བསྐོར་ནས་རྒྱང་རིང་གི་ཕྱོགས་སུ་བཞུར། ད་དུང་རྣམ་སྲས་གྲོག་རོང་ཆེན་མོ་དང་འཇགས་པ་མེད་པའི་རྫ་ཆུའི་བཞུར་རྒྱུན་་་་་་་་་།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ལྟ་ཞིབ་ཚད་ལེན་བརྙན་རིས་སྟེང་། ལྟ་ཞིབ་ཚད་ལེན་ས་ཚུགས་བཅུ་ལྷག་གི་དུས་ཐོག་བརྙན་རིས་རེས་སྐོར་ནས་ཤར་བཞིན་འདུག ལས་བྱེད་མི་སྣས་གློག་ཀླད་ཀྱི་ཙིག་རྟགས་བརྒྱུད་ནས་ལེ་བར་སྟོང་གི་ཕ་རོལ་གྱི་སྐྱེ་ཁམས་གནས་ཚུལ་ལ་ལྟ་ཞིབ་བྱེད་ཆོག “ཡུལ་ཤུལ་གྱི་གཙང་པོའི་མགོ་ཁུངས་ཀྱི་སྒེའུ་ཁུང”དུ་འབོད་པའི་རྒྱང་རིང་གི་བརྙན་མིག་ལྟ་ཞིབ་ཚད་ལེན་མ་ལག་དེ། གཙང་གསུམ་མགོ་ཁུངས་སྲུང་སྐྱོབ་བྱེད་པའི་ཚན་རྩལ་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

གནམ་འོག་གི་འབྲི་ཆུའི་ཁུག་སོ་དང་པོ།
“རྐང་པས་ལ་མོ་མ་བརྒྱབ། གཙང་པོའི་མགོ་ཁུངས་མཐོང་ཐུབ།”ཡུལ་ཤུལ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་ཁྲིན་རོང་གིས“ཡུལ་ཤུལ་གྱི་གཙང་པོའི་མགོ་ཁུངས་ཀྱི་སྒེའུ་ཁུང”གིས་བསྩལ་བའི་འཕོ་འགྱུར་ཐད་འདི་སྐད། 2019ལོ་ནས་བཟུང་། ཡུལ་ཤུལ་ཁུལ་གྱིས་སྔ་གཞུག་ཏུ་སྒོར་ཁྲི3300ཡི་མ་དངུལ་བཏང་སྟེ། “ཡུལ་ཤུལ་གྱི་གཙང་པོའི་མགོ་ཁུངས་ཀྱི་སྒེའུ་ཁུང”ཞེས་པའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དོ་དམ་སྟེགས་བུ་འཛུགས་སྐྲུན་བྱས། བསྡོམས་པས་ལྟ་ཞིབ་ཚད་ལེན་རྒྱང་གཟིགས་ས་ཚུགས43བཀོད་སྒྲིག་བྱས་ཏེ། རླུང་ཁམས་ཆེན་མོའི་ཁོར་ཡུག་དང་ཆུའི་ཁོར་ཡུག འཁྱག་རོམ་དང་གངས་རི། སྤང་ལྗོངས་དང་བརླན་ས། གཙང་པོ་དང་ཆུ་ལག མཚེའུ་དང་རི་སྐྱེས་སྲོག་ཆགས་སོགས་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཟེར།
ཡུལ་ཤུལ་ཁུལ་གཙང་གསུམ་མགོ་ཁུངས་ཀྱི་ལྟེ་བ་རུ་གཏོགས་ཤིང་། ཆ་སྙོམས་ཀྱི་མཚོ་འཕགས་ལ་སྨི4200ལྷག་ཡོད། ས་ཁུལ་མང་ཆེ་བ་མི་མེད་ལུང་སྟོང་ཡིན། གནམ་གཤིས་གདུག་རྩུབ་ཆེ་ཞིང་འགྲིམ་འགྲུལ་སྟབས་བདེ་མིན་སྐད། སྲོལ་རྒྱུན་གྱི་ལག་ཐབས་སྤྱད་ནས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སྐོར་སྲུང་བྱེད་པར་དཀའ་ཁག་ཧ་ཅང་ཆེ། ཁྲིན་རོང་གིས“གཙང་གསུམ་མགོ་ཁུངས་སུ‘ལྟ་བ་རྒྱང་མཐོང’བཙུགས་རྗེས། ང་ཚོས་རྒྱང་རིང་པོ་དང་ཁྱབ་རྒྱ་ཆེན་པོ། ཕྱོགས་ཡོངས་ནས་དུས་ལྟར་ལྟ་ཞིབ་བྱས་ཏེ། མིས་ལྟ་ཞིབ་ཚད་ལེན་གྱི་སྐོར་སྲུང་བྱེད་ཚད་དལ་བ་དང་མ་རྩ་མཐོ་བ། ཁྱབ་རྒྱ་ཆུང་བའི་གནད་དོན་ཚང་མ་ནུས་ལྡན་གྱིས་ཐག་གཅོད་བྱེད་ཐུབ་སོང”ཞེས་བརྗོད།

རོང་པོ་བརླན་ས།
ཡུལ་ཤུལ་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཡན་ལག་རུ་ཁག་གི་ཁྲིམས་འཛིན་པ་ཀུན་བཟང་ལྷ་མཚོས་བཤད་རྒྱུར།“ལས་བྱེད་མི་སྣས་ནམ་རྒྱུན་ས་ཚུགས་གཙོ་བོར་རྒྱང་གཟིགས་བྱས་ཏེ། རྒྱུན་ལྡན་མིན་པ་མཐོང་ཚེ་དུས་ལྟར་ཉེན་བརྡ་བཏང་བ་ཡིན”
“2024ལོར། བརྙན་མིག་སྐོར་ཞིབ་བྱེད་ཐེངས་ཤིག་ལ། རྨ་ཆུའི་མགོ་ཁུངས་ཀྱི་ས་ཁོངས་སུ་འབྲོག་པ་ཞིག་གིས་ས་སློག་བཞིན་པ་མཐོང་། ང་ཚོས་མྱུར་དུ་གཞི་རིམ་སྐྱེ་ཁམས་སྲུང་སྐྱོབ་ས་ཚུགས་སུ་འབྲེལ་གཏུག་བྱས་ཏེ། ཁོ་ཚོ་དུས་ལྟར་ཡུལ་དངོས་སུ་སོང་ནས་ཐག་གཅོད་བྱས། འདི་ནས་ཕར་ལ་སྤྱི་ལེ400ཡི་ལམ་ཐག་ཡོད་སྐད། ང་ཚོ་འདི་རུ་ལམ་ལ་ཆས་ཏེ་ཕར་སོང་ན་ཕལ་ཆེར་གཏོར་བརླག་ཐེབས་སྲིད། མ་ལག་དེར་བརྟེན་ནས་ལྟ་ཞིབ་ཚད་ལེན་གྱི་ཁྱབ་རྒྱ་ཆེ་ཞིང་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་མཐོང་ཐུབ་པ་དང་ཐག་གཅོད་ཀྱི་བྱས་འབྲས་ཀྱང་མངོན་གསལ་གྱིས་མཐོ་རུ་ཕྱིན།”

བརླན་སའི་ངོགས་ཀྱི་ཁྲུང་ཁྲུང་།
“ཡུལ་ཤུལ་གྱི་གཙང་པོའི་མགོ་ཁུངས་ཀྱི་སྒེའུ་ཁུང”བརྒྱུད་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་གྲུབ་འབྲས་སྔར་ལས་མངོན་གསལ་གྱིས་མཐོང་ཐུབ། ཀུན་བཟང་ལྷ་མཚོས་མ་ལག་གིས་ཉར་ཟིན་པའི་བརྙན་རིས་རྩ་ཆེན་ཏེ་རྣམ་སྲས་གྲོང་རོང་དང་གསའ། ཤྭ་སྐྱ་སོགས་རི་སྐྱེས་སྲོག་ཆགས་ང་ཚོར་བསྟན་པ་དང་། རོང་པོ་མཚེའུའི་ངོགས་ཀྱི་ཁྲུང་ཁྲུང200ལྷག་ལ་འཕེལ་འདུག་པ་མ་ཟད། ལོ་རེར་ཆུ་བྱ་གྲངས་མེད་ཀྱིས་གནས་དེ་རུ་འཚོ་སྡོད་བྱེད་བཞིན་ཡོད།

ཤྭ་སྐྱ་ཕོ་མོ་ཟུང་།
སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཕུད། “ཡུལ་ཤུལ་གྱི་གཙང་པོའི་མགོ་ཁུངས་ཀྱི་སྒེའུ་ཁུང”དུ་རླུང་ཁམས་ཆེན་མོའི་ཁོར་ཡུག་དང་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་གཞི་གྲངས་དུས་ལྟར་གསར་སྒྱུར་ཐུབ་པ་དང་། བཙོག་ཆུ་བགྲུང་བའི་ལྟ་ཞིབ་ཚད་ལེན་དང་བརྙན་མིག་ལྟ་ཞིབ་དུས་གཅིག་ལ་འཁོར་སྐྱོད་བྱེད་བཞིན་ཡོད།
ཁྲིན་རོང་གི་བཤད་རྒྱུར། ལག་རྩལ་གསར་པས་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་སྐྱེ་ཁམས་ཁོར་སྲུང་དང་སྦག་བཙོག་འགོག་བཅོས་ལ་གཅིག་གྱུར་སྒོས་ལྟ་ཞིབ་དོ་དམ་བྱེད་པའི་ལས་ཕྱོད་མངོན་གསལ་གྱིས་ཇེ་མཐོར་བཏང་། “ཡུལ་ཤུལ་གྱི་གཙང་པོའི་མགོ་ཁུངས་ཀྱི་སྒེའུ་ཁུང”དུ་འབོད་པའི་བརྙན་མིག་སྐོར་ཞིབ་སྤྱད་ནས། སྐྱེ་ཁམས་ཁོར་ཡུག་གནད་དོན་གྱི་ཁུངས་སྣེ་ཐེངས་མང་པོར་ཤེས་གཏོགས་བྱུང་སྟེ། དུས་ལྟར་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་རྩད་ཞིབ་ཐག་གཅོད་བྱེད་དུ་བཅུག དེ་སྔའི་རྐང་བགྲོད་ནས་ད་ལྟའི་རྒྱང་གཟིགས་སྐོར་ཞིབ་དང་རིག་ནུས་ཉེན་བརྡའི་བར་གྱི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཐད་འཕོ་འགྱུར་ཆེན་པོ་བྱུང་།

གངས་རི་དང་ནོར་ཁྱུ།
ཉེ་བའི་ལོ5ཡི་རིང་། ཡུལ་ཤུལ་ཁུལ་གྱི་མཁའ་དབུགས་སྤུས་ཚད་དེ་སྤུས་ལེགས་དང་ཅུང་ལེགས་པའི་ཉིན་གྲངས་བསྡུར་ཚད99.97%ལ་སླེབས་ཡོད་པ་དང་། ས་ངོས་ཆུ་དཔྱད་ཀྱི་ཆུ་སྤུས་དེ་སྤུས་ལེགས་དང་ཅུང་ལེགས་པའི་ཉིན་གྲངས་བསྡུར་ཚད100%སླེབས་ཡོད། རྨ་འབྲི་རྫ་གསུམ་གྱི་ཞིང་ཆེན་བརྒལ་པའི་ཆུ་སྤུས་རིགསⅡཡན་བརྟན་པོར་གནས་ཤིང་། ཆུ་ཁུངས་གསོ་ཚད་ལོ་རེར་ཆ་སྙོམས་སྒོས་འཕར་ཚད6%ལས་བརྒལ།
“ཡུལ་ཤུལ་གྱི་གཙང་པོའི་མགོ་ཁུངས་ཀྱི་སྒེའུ་ཁུང”དེ་གཙང་གསུམ་མགོ་ཁུངས་སྲུང་པའི“ལྟ་བ་རྒྱང་མཐོང”ཙམ་མ་ཡིན་པར། མང་ཚོགས་ལ་ཁ་ཕྱོགས་པའི་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་སྒེའུ་ཁུང་དུ་གྱུར་ཡོད། སྐུད་འོག་ནས་ལྟ་སྐོར་པ་སྣེ་ལེན་བྱེད་པ་ཕུད། ཐད་གཏོང་སོགས་ཀྱི་ལམ་ནས་སྔར་ལས་མི་མང་པོར་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་ལ་གཟིགས་ཞིབ་བྱེད་དུ་བཅུག ཚན་རྩལ་སྟོབས་ཤུགས་ཀྱི་སྲུང་སྐྱོང་འོག གཙང་གསུམ་མགོ་ཁུངས་ཀྱི་ལྗང་མདོག་གཏམ་རྒྱུད་ནམ་རྒྱུན་འབྱུང་བཞིན་པ་དང་ཡུལ་ལུང་མང་པོར་ཁྱབ་བཞིན་ཡོད།