ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བར་བཀོད་གཏོང་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ7པའི་ཚེས10ཉིན་གྱི་སྔ་དྲོར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་སོང་ནས་བརྙན་ལམ་བརྒྱུད་དེ་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བར་བཀོད་གཏོང་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་རོགས་སྐྱོབ་བྱ་བ་དང་ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་གྱི་བཟོ་གྲྭ་ཞིག་གི་མེ་སྐྱོན་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།  བློ་བརྟན་འགྱུར་མེད་སྒོས་ཞོད་འགོག་ཐད་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོར་འཁུར་དགོས་ལ།  ཧ་ཅང་འགན་ཁུར་བའི་རྣམ་འགྱུར་ལ་བརྟེན་ནས་འགོག་ཟོན་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཚེས9ཉིན་གྱི་དགོང་མོ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་ཆུ་འབྲུབ་པའི་དུས་སྐབས་གཙོ་བོ་དང་ཆར་བ་འབབ་ཚད་ཆེས་ཆེ་ཤོས་ཀྱི་དུས་སྐབས་བསུས་པས། ཞོད་འགོག་བྱ་བ་ལེགས་པོར་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་།   ཆུ་ལོག་དང་རི་ཉུལ་བ། འདམ་རྡོའི་ཆུ་རུད་སོགས་ཞོར་ཐོན་གནོད་འཚེར་ཚད་མཐོའི་མཐོང་ཆེན་བྱེད་པ། ཚད་མཐའི་བསམ་གཞིགས་དང་མཐར་སོན་བསམ་གཞིགས་བརྟན་པོར་ཆགས་པར་བྱེད་པ། བློ་ཐག་རྦད་ཆོད་སྒོས་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མེད་པར་བྱས་ཏེ་སྦྲེལ་ཐག་ཧྲིལ་བོའི་འགོག་ཟོན་བྱ་བ་ནན་མོར་བསྒྲུབ་དགོས་ཞེས་བསྟན།

གྲོས་ཚོགས་ལས་རིམ་པ་སོ་སོའི་གཅིག་འདོམས་བཀོད་གཏོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི“1235”ཞོད་འགོག་བཀོད་འདོམས་རྐྱེན་སྲོལ་དང་ཞོད་འགོག་ཉེན་གཡོལ་གྱི་ལྔ་ཅན་ལྔའི་བྱ་བའི་རྐྱེན་སྲོལ་ནུས་ལྡན་ངང་འཁོར་སྐྱོད་བྱེད་པ། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད། ལྟ་ཞིབ་ཚད་ལེན་སྔོན་བརྡ་བཅས་ལ་ཤུགས་སྣོན་པ། ཁུལ་ཁོངས་གཙོ་བོར་གཅིག་གཏད་གཅིག་གི་བཀོད་གཏོང་བྱེད་ཐབས་ལག་བསྟར་བྱས་ནས་རང་འགན་གཙང་སྒྲུབ་ནན་མོ་བྱེད་དགོས།  མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་།    དང་ལེན་གཉིས་ཀྱི་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱེད་པ།    སྒོ་རྒྱག་པ་དང་མཚམས་འཇོག་པ།   ཕྱིར་འཐེན་བྱེད་པ། གནས་སྤོར་བ། སྐོར་ཞིབ་བྱེད་པ་བཅས་ཀྱི་བྱེད་ཐབས་སྔོན་ལ་ལག་བསྟར་བྱེད་པ། འཇིགས་སྐུལ་ཐེབས་པའི་མང་ཚོགས་གནས་སྤོར་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་ཤི་རྨས་ཚབས་ཆེན་གྱི་དོན་རྐྱེན་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཆུ་བོ་འབྲིང་ཆུང་དང་མཚེའུ། ཆུ་རགས་སྣ་ཚོགས། ཆུ་མཛོད་དང་ཆུ་གློག་ས་ཚིགས། གྲོང་ཁྱེར་ནང་ཁུལ་གྱི་ཞོད་སྐྱོན་ཁུལ་དང་།  ཆུ་ལོག་དང་ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ་དུ་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་དགོས་པར་མ་ཟད།   དུས་བཅད་གཏན་འཁེལ་དང་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་བཏང་སྟེ་ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་འགོག་ནན་མོ་བྱ་དགོས། མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་རྒྱུག་དང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་བྱེད་སྒོ་ཆེན་པོར་དམིགས་ནས། འགྲན་སྡུར་གྱི་ལམ་རྒྱུད་དང་འགྲེམ་ཚོགས་ཁང་། དེ་བཞིན་མཐའ་འཁོར་གྱི་ཁུལ་ཁོངས་གཙོ་བོའི་སྐོར་ཞིབ་ཐེངས་གྲངས་ཇེ་མང་དུ་གཏོང་བ་དང་།   དྲོད་ཚད་དམའ་བ་དང་རླུང་ཆེ་བའི་ཁོར་ཡུག་འོག་གི་བདེ་འཇགས་འགན་སྲུང་ལ་ཤུགས་བསྣན་ཏེ་སྟོབས་ཤུགས་ཡོད་རྒུས་བྱེད་སྒོ་ཆེན་པོ་སྣ་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས།   ཉེན་སེལ་རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་སྔོན་ལ་གྲ་སྒྲིག་བྱེད་པ་དང་།   ཐོལ་བྱུང་གནས་ཚུལ་ཐག་གཅོད་སྔོན་ཇུས་ཇེ་ཞིབ་ཏུ་བཏང་སྟེ་བཀོད་འདོམས་འབྲེལ་གཏུགས་གེགས་མེད་ཡོང་བར་འགན་སྲུང་བྱེད་དགོས།   འགོ་ཁྲིད་ལས་བྱེད་པའི་ལས་རེས་སྣེ་ཁྲིད་དང་ཆུ་ཚོད་ཉེར་བཞིའི་རིང་ཆེད་ལས་མི་སྣའི་ལས་རེས་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་།   ལས་གནས་གཙོ་བོའི་ལས་རེས་སྟོབས་ཤུགས་ཇེ་ཆེར་གཏོང་བ།  ཆ་འཕྲིན་ཡར་ཞུའི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱས་ཏེ་བློ་ཐག་རྦད་ཆོད་སྒོས་ཡར་ཞུ་བྱེད་དལ་བ་དང་ཆད་ལུས་བྱུང་བ། སྦ་གསང་བྱེད་པ་བཅས་གཏན་འགོག་བྱས་ནས་དུས་ཐོག་ཏུ་ནུས་ལྡན་ངང་ཉེན་ཁ་དང་གནོད་འཚེ་ཐག་གཅོད་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་ལས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་ལེགས་པོ་བྱེད་པ་དང་། ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། དོ་དམ་གསུམ་དང་ངེས་པར་གསུམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་ཧུར་ཐག་འབད་འཐབ་དང་བཀོད་འདོམས་ལེགས་པོ་བྱས་ནས་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་གྱི་འགན་འཁྲི་གཙོ་བོ་བཅས་ནན་དཀྲི་བྱེད་པ།   གནས་གཙོ་བོར་དམ་དུ་དམིགས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་མངོན་མེད་རྐྱེན་ངན་མེད་པར་བྱེད་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་རྒྱུན་མཐུད་གཏན་འཇགས་ཡོང་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་།  ཞིང་ཆེན་གནམ་གཤིས་ཅུས་དང་ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་།  ཞིང་ཆེན་ཆུ་བེད་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱིའི་རུ་ཁག ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་ཁུལ། མདོ་ལ་རྫོང་། ཐུན་ཏེ་རྫོང་། ནང་ཆེན་རྫོང་། ཞུན་ཧྭ་རྫོང་བཅས་ཀྱིས་སོ་སོར་ཞོད་འགོག་བྱ་བའི་གནས་ཚུལ་ཡར་ཞུ་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་གཉིས་ཚོགས་ར་གཙོ་བོ་དང་ཡང་ན་ཡན་ལག་ཚོགས་ར་ནས་བཀོད་གཏོང་བྱ་བའི་ཁྲོད་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།