
ཉེ་ཆར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིམ་པ་གཉིས་པའི་ཞིབ་འཇུག་པ་ཆེན་མོ་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་ཞིང་ཆེན་གེ་སར་རྒྱལ་པོའི་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གེ་སར་རིག་གནས་ཆེད་མཁས་པ་བསོད་རྒྱལ་འབུམ་གྱིས་བརྩམས་པའི་རིག་གཞུང་དཔེ་ཆ《གླིང་སྒྲུང་ཁྲོད་སྣང་བའི་དམངས་སྲོལ་རིག་གནས་ཀྱི་ཞིབ་འཇུག་དགྲ་ལྷའི་མཆོད་སྤྲིན》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། བརྩམས་ཆོས་འདི2018ལོར་ཆོག་མཆན་ཐོབ་པའི་ཀྲུང་གོ་སྤྱི་ཚོགས་ཚན་རིགས་ཀྱི་ལས་གཞི་ཡིན་ལ། 2021ལོར་ལས་གཞི་མཇུག་བསྡུ་སྐབས་ཁྱད་འཕགས་གྲུབ་འབྲས་ཀྱི་དཔྱད་འབྲས་སུ་ཚུད། དཔེ་གཞུང་ལེའུ་བརྒྱད་ཀྱིས་གྲུབ་ཡོད་དེ། ལེའུ་དང་པོ། དམངས་སྲོལ་རིག་པའི་གོ་དོན་དང་གླིང་སྒྲུང་བར་གྱི་འབྲེལ་བའི་སྤྱི་བཤད། ལེའུ་གཉིས་པ། གླིང་སྒྲུང་ཁྲོད་ཀྱི་རང་བྱུང་སྐྱེ་ཁམས་དམངས་སྲོལ། ལེའུ་གསུམ་པ། གླིང་སྒྲུང་ཁྲོད་ཀྱི་དངོས་པོའི་དམངས་སྲོལ། ལེའུ་བཞི་བ། གླིང་སྒྲུང་ཁྲོད་ཀྱི་སྤྱི་ཚོགས་དམངས་སྲོལ། ལེའུ་ལྔ་བ། གླིང་སྒྲུང་ཁྲོད་ཀྱི་ངག་ཐོག་དམངས་སྲོལ། ལེའུ་དྲུག་པ། གླིང་སྒྲུང་ཁྲོད་ཀྱི་དད་མོས་དམངས་སྲོལ། ལེའུ་བདུན་པ། གླིང་སྒྲུང་ཁྲོད་ཀྱི་དམག་དོན་དམངས་སྲོལ། ལེའུ་བརྒྱད་པ། གླིང་སྒྲུང་ཁྲོད་ཀྱི་འཛེམ་བྱའི་དམངས་སྲོལ་བཅས་དང་། ཟུར་བཀོད་ནང་དོན་གླིང་སྒྲུང་དང་འབྲེལ་བའི་ཤུལ་རྟེན་ངག་རྒྱུན། གླིང་སྒྲུང་དང་འབྲེལ་བའི་བཤད་པ་སྣ་ཚོགས། ལ་གླུ་དུམ་པ་བཅུ་གཉིས་ལས་དཔེ་མཚོན་ཚན་བཤུས་ཀྱིས་གྲུབ་པས་ནང་དོན་ཕུན་སུམ་ཚོགས་ཤིང་། དམས་སྲོལ་རིག་པ་དང་རྩོམ་རིག་རིག་པ། ལོ་རྒྱུས་སྙན་སྒྲུང་རིག་པ། ལོ་རྒྱུས་རིག་པ། ཆོས་ལུགས་རིག་པ། མིའི་རིགས་རིག་པ། སྤྱི་ཚོགས་རིག་པ་བཅས་ཀྱི་དཔྱད་ཐབས་བཀོལ་པས་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ། ཕྱོགས་ཡོངས་ནས་ཚད་མཐོ་བའི་ཁྱད་ཆོས་ལྡན་པས། བོད་ཀྱི་དམངས་སྲོལ་རིག་པ་དང་གེ་སར་རིག་གནས་ཞིབ་འཇུག་གི་ཕྱོགས་ལ་བྱས་རྗེས་མི་དམན་པ་བཞག་ཡོད།

དམངས་སྲོལ་རིག་གནས་ནི་རིག་གནས་ཐོན་ཁུངས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དམངས་སྲོལ་རིག་གནས་ནི་སྤྱི་ཚོགས་འཆམ་མཐུན་འཛུགས་སྐྲུན་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པའི་མང་ཚོགས་ཀྱི་རིག་གནས་ཤིག་ཀྱང་ཡིན། དེ་བས་བརྩམས་ཆོས་འདིའི་རིག་གཞུང་བསམ་བློ་དུས་རབས་གསར་བར་ཁ་ཕྱོགས་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ། སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་གལ་གནད་དུ་འཛིན་པ་བཅས་བྱས་ཏེ། བརྩམས་ཆོས་འདི་གཅིག་ནས་རིག་གནས་ཀྱི་གདེང་ཚོད་ཇེ་དྲག་ཏུ་གཏོང་བར་ཕན་པ་སྟེ། གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་བརྒྱུད་ནས་ཡུལ་སྲོལ་གོམས་གཤིས་ངན་པ་བསྒྱུར་བར་སྐུལ་འདེད་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱིས་སྤྱི་ཚོགས་བསྒྱུར་བཀོད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་ཐུབ། གཉིས་ནས་ཏང་དང་སྲིད་གཞུང་གིས་རིག་གནས་ཐབས་ཇུས་གཏན་འབེབས་བྱེད་པར་གཞི་འཛིན་ས་དང་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པ་མ་ཟད། ཅུང་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ཉེར་སྤྱོད་རིན་ཐང་ལྡན། གསུམ་ནས་གླིང་སྒྲུང་རང་རྒྱལ་གྱི་མི་རིགས་མང་པོ་དང་ས་ཁུལ་མང་པོར་དར་ཁྱབ་བྱུང་བ་ཡོད་པས། གླིང་སྒྲུང་ཁྲོད་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ལ་ཞིབ་འཇུག་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཛིན་བྱེད་པར་ཕན་པར་བྱས་ཡོད། དེ་ལས་གཞན་དམངས་སྲོལ་རིག་གནས་འཛུགས་སྐྱོང་དང་འཕེལ་རྒྱས་བཏང་བ་དེས་མི་རིགས་ཀྱི་རང་བཀུར་དང་ཡིད་ཆེས་ཆེ་རུ་འགྲོ་པ་དང་། བོད་འབྲེལ་ས་ཁུལ་འཕེལ་རྒྱས་གཏོང་བའི་སྙིང་སྟོབས་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་ཐུབ། བོད་ཀྱི་ལོ་རྒྱུས་སྙན་སྒྲུང་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་སྣང་བའི་དམངས་སྲོལ་རིག་གནས་དེ་ཁྱད་ཆོས་མངོན་གསལ་དོད་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཤིག་ཡིན་པའི་ཆ་ནས་དཔྱད་འབྲས་འདིའི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་པར་བྱས་ཡོད་ལ། བརྩམས་ཆོས་འདི་དཔེ་སྐྲུན་བྱས་པས་རིག་གཞུང་ཞིབ་འཇུག་གི་སྡེ་དང་སློབ་གསོའི་ལས་རིགས་ལ་རིག་གཞུང་ཆེད་རྩོམ་སྤུས་ལེགས་ཤིག་ལེགས་སྐྱས་སུ་བསྩལ་ཡོད་པ་མ་ཟད། དུས་རབས་གསར་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་ལག་ལེན་གྱི་དཔྱད་གཞི་གལ་ཆེན་ཞིག་མཁོ་སྤྲོད་བྱས་ཡོད་དོ། །