པཎ་ཆེན་བསོད་ནམས་གྲགས་པའི་མཛད་པའི《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོ་གསར་མ》པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

པཎ་ཆེན་བསོད་ནམས་གྲགས་པའི་མཛད་པའི《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོ་གསར་མ》ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

《དེབ་ཐེར་དམར་པོ་གསར་མ》སྟེ། མཚན་གཞན་ལ《རྒྱལ་རབས་འཕྲུལ་གྱི་ལྡེ་མིག》ཏུ་འབོད་པའི་དཔེ་དེབ་འདིའི་མཛད་པ་པོ་ནི། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་ཡིན། དཔེ་དེབ་འདི་ཁོང་གིས་སྤྱི་ལོ1538ལོར་བརྩམས་ཤིང་། ཚལ་བ་ཀུན་དགའ་རྡོ་རྗེ་ཚང་གིས་མཛད་པའི《དེབ་ཐེར་དམར་པོ》རུ་མི་གསལ་བའི་ནང་དོན་ཁག་ཅིག་སྟེ། བོད་ཁྲི་སྐོར་བཅུ་གསུམ་གྱི་ཁྲི་དཔོན་ཕལ་ཆེ་བའི་ལོ་རྒྱུས་དང་། ལྷག་པར་དུ་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་རབས་བཅུ་གཅིག་པའི་བར་གྱི་གལ་ཆེའི་ལོ་རྒྱུས་མང་བོ་ཞིག་ཁ་སྣོན་མཛད་ཡོད་པས། དཔེ་དེབ་ཀྱི་མཚན་ལའང《དེབ་ཐེར་དམར་པོ་གསར་མ》ཞེས་བཏགས་ཡོད།

དཔེ་དེབ་འདིའི་ནང་དོན་གྱི་ཐད་སྡེ་ཚན་ལྔ་རུ་ཕྱེ་ཡོད་དེ། དང་པོ་རྒྱ་གར་གྱི་རྒྱལ་རབས་སྐོར། གཉིས་པ་ཤམ་བྷ་ལའི་རྒྱལ་རབས་སྐོར། གསུམ་པ་བོད་ཀྱི་རྒྱལ་རབས་སྐོར། བཞི་པ་རྒྱ་དང་ཧོར་གྱི་རྒྱལ་རབས་སྐོར། ལྔ་པ་བོད་དུ་རྒྱ་ཧོར་གྱི་ལུང་བྱུང་ཚུལ་སྐོར་བཅས་ཡིན།

《དེབ་ཐེར་དམར་པོ་གསར་མ》ནི་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དང་ཞིབ་འཇུག་བྱེད་པར་ཡིག་ཆ་གལ་ཆེན་ཞིག་ཡིན་པ་དང་། དཔེ་རྒྱུན་ཡང་ཅུང་དཀོན་པའི་གྲས་སུ་གཏོགས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།