《གཞི་རིམ་བྱ་བའི་བྱེད་ཐབས་སྐོར་གྱི་ཞི་ཅིན་ཕིང་གི་རྒྱས་བཤད་གནད་བསྡུས》དཔེ་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《གཞི་རིམ་བྱ་བའི་བྱེད་ཐབས་སྐོར་གྱི་ཞི་ཅིན་ཕིང་གི་རྒྱས་བཤད་གནད་བསྡུས》ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

གཞི་རིམ་ནི་ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ། བྱ་བ་མཐའ་དག་གི་གཞི་ཚུགས་སའང་ཡིན། ས་གནས་སུ་བྱ་བ་སྒྲུབ་པའི་སྐབས་དང་ཡང་ན་ཀྲུང་དབྱང་དུ་ལས་སྒྲུབ་བྱས་རྗེས་གང་ཡིན་རུང་། བློ་མཐུན་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་ལ་མཐོང་ཆེན་དང་། གཞི་རིམ་ལ་ཐུགས་ཁུར། གཞི་རིམ་ལ་ཟབ་ཞུགས། གཞི་རིམ་ལ་རྒྱབ་སྐྱོར་གནང་བ་དང་། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་རྒྱུ་དེ་ཡུན་རིང་གི་ཇུས་གཞི་དང་རྩ་བ་བརྟན་གཏོང་གི་ཐབས་ཇུས་སུ་བརྩི་བ་མཐའ་འཁྱོངས་བྱས་ནས། གཞུང་ལུགས་ཀྱི་དོན་སྙིང་དང་ལག་ལེན་གྱི་རིན་ཐང་ལྡན་པའི་གཞི་རིམ་བྱ་བའི་བྱེད་ཐབས་རབ་དང་རིམ་པ་འཚོལ་ཞིབ་བྱས། བློ་མཐུན་ཞི་ཅིན་ཕིང་གིས་གཞི་རིམ་བྱ་བའི་བྱེད་ཐབས་ལ་དམིགས་ནས་སྤེལ་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པའི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་ལ། དགོངས་པ་གཏིང་ཟབ། དེས་ཚན་རིག་དང་མཐུན་པའི་སྒོ་ནས་ཅི་ཞིག་ནི་གཞི་རིམ་ཡིན་པ་དང་། གཞི་རིམ་དུ་ཇི་ལྟར་བསྐྱོད་པ། གཞི་རིམ་ལ་ཇི་ལྟར་ཞབས་ཞུ་སྒྲུབ་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་བཏབ་པ་དང་། གཞི་རིམ་བྱ་བའི་ཆོས་ཉིད་རང་བཞིན་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ལ། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་འཛུགས་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཆེས་བློས་འཁེལ་ཞིང་གཏིང་ཟབ་པ། རྒྱུན་མི་ཆད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡོད་པར་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

《རྒྱས་བཤད་གནད་བསྡུས》དེ་ཆེད་དོན9རུ་དབྱེ་ཡོད་ལ། ཁྱོན་བསྡོམས་རྒྱས་བཤད་ཁག287ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གི1983ལོའི་ཟླ4པ་ནས2026ལོའི་ཟླ4པའི་བར་གྱི་སྙན་ཞུ་དང་གསུང་བཤད། རྩོམ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན190ལྷག་ནས་བཏུས་པ་རེད། དེའི་ནང་གི་རྒྱས་བཤད་ཁ་ཤས་ནི་ཐེངས་དང་པོར་ཁྱབ་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།