འདི་དག་ལ་ཡིད་གཟབ་གནང་རོགས། དེ་ལྟར་མིན་ཚེ་མིག་ལོང་བའི་ཉེན་ཁ་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

མིག་དམར་པོར་གྱུར་བ་དང་། སྐམ་པོར་གྱུར་ནས་མིག་ཆུ་ཤོར་བ། མིག་ནང་ཐལ་རྡུལ་འཛུལ་བའི་ཚོར་བ་བཅས་ཡོད་སྐབས། མི་མང་པོས་འདི་ནི་མིག་སྤྱད་རྒྱུ་མང་དྲགས་ནས་མིག་སྐྱི་ངལ་དུབ་པར་འདོད་ནས་རྒྱུན་པར་བཟོད་སྒོམ་དང་མིག་སྨན་བླུགས་ཏེ་ངལ་གསོ་ཐབས་བྱེད་ཀྱི་ཡོད།

འོན་ཀྱང་ཁྱེད་ཀྱིས་ཤེས་སམ། རྒྱུན་པར་ནད་རྟགས་འདི་དག་ཐོན་དུས་ཕལ་ཆེར་ཁྱེད་ཀྱི་མིག་སྐྱི་ལ་གནད་དོན་བྱུང་བས་རེད། མིག་སྐྱི་ལ་ཁྲག་རྩ་མེད་ཀྱང་དབང་རྩས་ཁེངས་ཤིང་གཉན་ཚད་རྒྱས་ཚེ། དྲག་སྐྱེད་ཡོང་ཁག་པ་དང་། གལ་སྲིད་ནར་འགྱངས་བྱས་ཚེ། མིག་ཤེད་ཉམས་ནས་ཚབས་ཇེ་ཆེར་འགྱུར་བ་དང་། ཐ་ན་ལོང་བ་འགྱུར་བའི་ཉེན་ཁ་ཡོད།

གང་འདྲ་ཞིག་ལ་མིག་སྐྱིའི་གཉན་ཚད་ཟེར་རམ།

ང་ཚོས་རྒྱུན་དུ་བརྗོད་པའི་མིག་འབྲས་ནག་པོ་དེའི་མདུན་ངོས་ཕྱི་གསལ་ནང་གསལ་ཡིན་ཞིང་། ཁྲག་རྩ་མེད་ནའང་དབང་རྩ་མང་པོ་འདུས་པའི་སྲབ་སྐྱི་ཞིག་ཡོད་པ་དང་། དེ་ནི་མིག་སྐྱི་སྟེ་མིག་གི་འོད་ལེན་སྐར་ཁུང་ལྟ་བུ་དེ་རེད། སྐར་ཁུང་འདི་ལ་ནད་དུག་འགོས་པ་དང་ཕྱི་རྨས་བྱུང་བ། ཡང་ན་རིམས་ཐར་གནད་དོན་བཅས་ཀྱི་དབང་གིས་གཉན་ཚད་རྒྱས་པ་དེར་མིག་སྐྱིའི་གཉན་ཚད་ཅེས་འབོད་ཀྱི་ཡོད།

རྒྱུན་ལྡན་འཚོ་བའི་ཁྲོད་བྱ་སྤྱོད་འདི་བཞི་པོས་ཁྱེད་ཀྱི་མིག་སྐྱི་ལ་གནོད་འཚེ་གཏོང་བཞིན་ཡོད།

གཅིག མིག་ལ་འཕུར་འཕུར་ཡང་ཡང་གཏོང་བ་དང་། 

གཉིས། གཟུགས་མེད་མིག་ཤེལ་གང་བྱུང་དུ་རྒྱག་པ། 

གསུམ། མིག་སྨན་གང་བྱུང་དུ་སྤྱོད་པ། 

བཞི། མཚན་འཁྱོངས་དང་ཆང་རག་ཚོད་མེད་འཐུང་བ་བཅས་སོ། །

གལ་སྲིད་གཤམ་གསལ་གྱི་ནད་རྟགས་འདི་བཞི་ལས་གང་རུང་ཞིག་ཐོན་ཚེ་འཕྲལ་མར་སྨན་ཁང་དུ་བསྐྱོད་དགོས།

གཅིག མིག་ནང་ཐལ་རྡུལ་འཛུལ་བའི་ཚོར་བ་དང་མིག་ཆུ་ཤོར་བ། ན་ཟུག་གཏོང་བ་བཅས་ཀྱི་ནད་རྟགས་ཐོན་པ་དང་། ངལ་གསོ་བརྒྱབ་ཀྱང་རྩ་བ་ནས་ཞི་ལྷོད་དུ་མ་ཕྱིན་པ་དང་།

གཉིས། མིག་འབྲས་སུ་ཁྲག་རྒྱས་པ་དང་ཁྲག་སི་དམར་པོ་གང་སར་ཁེངས་པ། ཟགས་ཐོན་དངོས་པོ་མང་དུ་ཕྱིན་པ། 

གསུམ། མིག་ཆུ་རྒྱུན་མཐུད་ཤོར་ནས་ཚོད་འཛིན་གཏན་ནས་མི་ཐུབ་པ། 

བཞི། མིག་ལྤགས་དམར་པོར་གྱུར་བ་དང་། འོད་བཟོད་མི་ཐུབ་པ་དང་མིག་གདང་དཀའ་བ་བཅས་སོ། །

མིག་ནི་སེམས་ཀྱི་སྒེའུ་ཁུང་ཡིན་པས། རྒྱུན་གཏན་འཚོ་བའི་ཁྲོད་མིག་ཤེད་ལ་སྲུང་སྐྱོབ་བྱེད་པ་དང་། དོགས་ཡོད་ཀྱི་ནད་རྟགས་ཐོན་མ་ཐག་འཕྲལ་དུ་སྨན་པ་བསྟེན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།