རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུ་མདོའི་ཆུ་ཤུགས་གློག་ཁང་གིས་གློག་གཏོང་འགོ་ཚུཌ་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

གསར་འགོད་པར་རྒྱལ་ཁབ་ནུས་ཁུངས་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཚེས་26ཉིན། རྒྱལ་ཁབ་ཀྱི་གཙོ་གནད་ནུས་ཁུངས་རྣམ་གྲངས་ཏེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུ་མདོའི་ཆུ་ཤུགས་གློག་ཁང་གི་འཕྲུལ་འཁོར་ཚན་པ་དང་པོ་གློག་དྲ་སྦྲེལ་མཐུད་ཐུབ་ནས་གློག་གཏོང་འགོ་ཚུགས་ཤིང་། ལྷོ་ནུབ་ས་ཁུལ་གྱི་དྭངས་གཙང་ནུས་ཁུངས་མཁོ་སྤྲོད་མ་ལག་འཛུགས་སྐྲུན་དང་རང་རྒྱལ་གྱི་ཐཱན་གཉིས་དམིགས་འབེན་དོན་འཁྱོལ་བྱེད་པར་འདེགས་སྐྱོར་གསར་པ་མཁོ་འདོན་བྱས་ཡོད།

སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀུའུ་ཅུན་ལིང་གིས། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུ་མདོའི་ཆུ་ཤུགས་གློག་ཁང་ལ་འཛམ་གླིང་ཐོག་གི་ཆུ་རགས་མཐོ་ཤོས་དེ་བརྒྱབ་ཡོད་པ་དང་། མཐོ་ཚད་ལ་སྨི་315ཟིན་གྱི་ཡོད། མིག་སྔར། ཆུ་རགས་དེ་སྨི་260བར་བརྒྱབ་ཟིན་པ་དང་། མཐོ་ཚད་དེས་གློག་གཏོང་བའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། ཆུ་རགས་དེའི་སྟོད་རྒྱུད་ཆུ་མཛོད་ཀྱི་མིག་སྔའི་ཆུའི་གཏིང་ཚད་སྨི་180ཟིན་པ་དང་། མ་འོངས་པར་ཆུ་ངོས་ད་དུང་སྨི་80མཐོ་རུ་གཏོང་ཐུབ་བཟོ་ཡོད། སྐབས་དེ་དུས་ཆུ་མཛོད་ཧྲིལ་པོར་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་29ཟིན་རྒྱུ་ཡིན་པ་དེ་ནི་ཤི་ཧུའུ་མཚེའུ་203ཡི་ཆུའི་བོངས་ཚད་དང་གཅིག་མཚུངས་ཡིན་པ་རེད།

རྒྱལ་རོང་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་ནི་རང་རྒྱལ་གྱི་ཆུ་ཤུགས་གློག་ཁང་གི་རྟེན་གཞི་ཆེན་པོ་ལྔ་པ་དེ་ཡིན་པ་དང་། ཆུའི་ཐོན་ཁུངས་གཅིག་སྡུད་ཆེ་ཞིང་། གསར་སྤེལ་བྱ་གཞི་ཆེན་པོ་ཡོད་པས་ཆུ་གློག་གསར་སྤེལ་བྱེད་ཚད་ཆན་ཝ་ཁྲི་2700ལས་བརྒལ་ཡོད།

རྒྱལ་ཁབ་ནུས་ཁུངས་ཚོགས་པའི་ཆུ་མདོའི་ཆུ་ཤུགས་གློག་ཁང་གི་ལས་གྲྭ་འཛུགས་སྐྲུན་ཁྲུའུ་ཡི་ཀྲུའུ་རེན་ལེའུ་ཧའེ་དབྱང་གིས། མིག་སྔར་ཆུ་མདོའི་ཆུ་ཤུགས་གློག་ཁང་གི་འཕྲུལ་འཁོར་ཚན་པ་དང་པོ་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། ལོ་དེའི་ནང་དུ་དེ་མིན་གྱི་འཕྲུལ་འཁོར་ཚན་པ་གསུམ་སྒྲིག་སྦྱོར་ལེགས་གྲུབ་ཟིན་ནས་གློག་གཏོང་ཐུབ་ཕྱིར་འབད་བརྩོན་བྱེད་བཞིན་ཡོད། གློག་ཁང་ཧྲིལ་པོ་ཁྱོན་ཡོངས་ནས་འཁོར་སྐྱོད་བྱས་རྗེས། ལོར་གློག་གཏོང་ཚད་ཏུའུ་དུང་ཕྱུར་77ཟིན་ནས་རང་རྒྱལ་གྱི་ཐཱན་གཉིས་དམིགས་འབེན་མངོན་འགྱུར་ཆེད་སྟོབས་ཤུགས་ལེགས་སྐྱེས་ཐུབ་ཅེས་གསུངས་ཡོད།

འཛམ་གླིང་ཐོག་གི་ཆུ་རགས་མཐོ་ཤོས་བརྒྱབ་པའི་ཆུ་མདོའི་ཆུ་ཤུགས་གློག་ཁང་གི་གློག་གཏོང་འགོ་ཚུགས་པའི་འཕྲུལ་འཁོར་ཚན་པ་དང་པོའི་འཕྲུལ་འཁོར་རྐྱང་པའི་ནུས་ཚད་དེ་ཆན་ཝ་ལྔ་འབུམ་ཟིན་གྱི་ཡོད་པས། འཕྲུལ་ཚན་དང་པོ་ཡོངས་སུ་འཁོར་སྐྱོད་བྱས་ན་ཉིན་གཅིག་ལ་གློག་ཏུའུ་ཁྲི་1200གཏོང་ཐུབ་པ་དང་། དེས་ཁྱིམ་ཚང་ལྔ་སྟོང་ཙམ་གྱི་ལོ་གཅིག་གི་གློག་གི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།