སྐྱེ་ཁམས་ཀྱི་གཏིང་།
ཨ་ཆེན་གངས་རྒྱབ་ཅེས་པའི་སའི་གོ་ལའི་སྣེ་གསུམ་པ་རུ་ཀྲོང་ངེར་འགྱིང་བའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་འདིའི་ཆ་སྙོམས་མཚོ་འཕགས་སྨི4600ལས་བརྒལ་ཡོད་ལ། ཀྲུང་གོའི་མི་མེད་ས་ཁུལ་ཆེན་པོ་བཞིའི་གྲས་ཀྱི་གཅིག་རེད།

ལོ་ཧྲིལ་པོར་རླུང་འཚུབ་གཡུག་པ་དང་དུས་ངེས་མེད་དུ་ཁ་བ་བུ་ཡུག་འཚུབ་ལ། གྲང་ངར་ཆེ་བ་དང་དབྱང་དབུགས་དཀོན་པ། ཐང་རྒོད་དུ་ལུས་པ་བཅས་ནི་ཡུལ་དེའི་རང་མདངས་རེད། མི་མེད་ལུང་སྟོང་དུ་ལུས་པའི་དབང་གིས་མིས་བཟོས་སྦགས་བཙོག་ཐེབས་མེད་པས།གནས་དེ་ནི་མཚོ་བོད་མཐོ་སྒང་སྟེང་གི་རིན་ཐང་བླ་ན་མེད་པའི་སྐྱེ་ཁམས་དག་ཞིང་དུ་གྱུར་ཡོད་ལ། རི་དྭགས་མང་པོ་བག་ཡངས་སུ་རྒྱུ་སའི་གཞིས་ཁྱིམ་དུ་གྱུར་ཡོད།
ཟླ་བཞི་པའི་དཔྱིད་རླུང་འཇམ་པོ་དལ་གྱིས་ལྡང་བ་དང་བསྟུན་ནས།རི་དྭགས་ཁྱུ་ཚོགས་ཆེན་པོ་གནས་སྤོས་པས་དགུན་ཟླ་རིང་མོར་གཉིད་དུ་ཡུར་བའི་ཨ་ཆེན་གངས་རྒྱབ་གཉིད་ལས་བསླངས།གཙོད་མ་མང་པོ་ཁྱུ་དང་ཁྱུ་བྱས་ཏེ་གཙང་གསུམ་འབྱུང་ཡུལ་དང་བྱང་ཐང་། ཨར་ཅིན་རི་བོ་སོགས་ཀྱི་དགུན་ས་དང་ཁ་བྲལ་ཞིང་། གྲང་ངར་གདོང་གིས་བསུས་ཏེ་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བ་རུ་གནས་པའི་འབྲོང་ནག་མཚེའུ་ཡི་འགྲམ་དུ་གཙོད་ཕྲུག་རྩེབས་པར་འགྲོ་བཞིན་ཡོད།
འདི་ནི“གོ་ལ་ཧྲིལ་པོའི་རྨིག་ལྡན་སྲོག་ཆགས་རིགས་ཆེན་གསུམ་གྱི་གནས་སྤོ་ཆེན་མོ”རུ་འབོད་པའི་ཚེ་སྲོག་གི་རྒྱང་སྐྱོད་ཅིག་ཡིན་ལ། མཚོ་བོད་གཞུང་ལམ་ནི་འབྲོང་ནག་མཚེའུ་རུ་འགྲོ་བར་ངེས་པར་བརྒྱུད་དགོས་པའི་རང་བྱུང་གི་ཉེན་ཁ་ཞིག་རེད།
བསོད་ནམས་སྟོབས་རྒྱལ་དང་སྨུག་པ་ལ་སྒང་། མུ་ཏིག་ཚྭ་ཆུ། ཐའོ་ཐའོ་ཆུ་བོ་སོགས་སྲུང་སྐྱོང་ས་ཚིགས་བཞི་ནམ་ཡང་མཚོ་བོད་གཞུང་ལམ་གྱི་འགྲམ་རྒྱུད་དུ་ཀྲོང་ངེར་འགྱིངས་ཤིང་། ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བ་རུ་གནས་པའི་འབྲོང་ནག་མཚེའུ་དང་ཁུའུ་ནན་སྲུང་སྐྱོང་ས་ཚིགས་སོགས་ནི་དུས་ཚིགས་རང་བཞིན་གྱིས་གནས་དེར་བཙུགས་ཏེ། གཙོད་ཕྲུག་རྩེབས་པའི་གནད་འགག་གི་དུས་སྐབས་སུ་ཚེ་སྲོག་གི་འགོག་རགས་བརྟན་པོར་བསྐྲུན་ཡོད།
མི་མེད་ལུང་སྟོང་དུ་ལུས་པའི་ཨ་ཆེན་གངས་རྒྱབ་ཏུ། སྲུང་སྐྱོང་ས་ཚིགས་ནི་གནས་འདིའི་བརྟན་སྲུང་མཁན་ཡིན་ལ། གཙོད་ཁྱུ་གནས་སྤོ་བའི་ལམ་གྱི་སྲུང་སྐྱོབ་མཁན་ཡང་རེད།
ཁ་བ་བུ་ཡུག་གི་ཁྲོད་ནས་དབུས་ལམ་བསྲུངས།
ཟླ5པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད4ཙམ་གྱི་སྟེང་། གཙོད་ཁྱུ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་མཚོ་བོད་གཞུང་ལམ་གྱི་འགྲམ་རྒྱུད་དུ་ཐོན། ཁོ་ཚོས་འགྲོ་མཚམས་བཞག་སྟེ་དོགས་ཟོན་གྱི་མིག་ཟུང་རིག་རིག་གིས་མཐའ་འཁོར་གྱི་ཁོར་ཡུག་ལ་ལྟ་ཞིང་། དངངས་སྐྲག་དང་སེམས་ཆུང་གིས་མཐོ་སྒང་འཕྲེད་ཀྱིས་བཅད་པའི་གཞུང་ལམ་དེ་རྒྱུ་བར་བརྩོན།
ཆེས་ཐོག་མར་གནས་སྤོ་བགྲོད་ལམ་དུ་ཐོན་པའི་གཙོད་ཁྱུ་དེ་མཐོང་རྗེས། སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱི་ལས་བྱེད་པའི་སེམས་པ་ཡོངས་སུ་སྒུལ།

“གཙོད་བརྒྱ་ལྷག་གཞུང་ལམ་འགྲམ་དུ་ཐོན་ཡོད་པས། ང་ཚོས་མྱུར་དུ་འགྲིམ་འགྲུལ་དོ་དམ་བྱས་ཏེ། ཁོ་ཚོ་བདེ་འཇགས་ཀྱིས་གཞུང་ལམ་བརྒལ་བར་འགན་སྲུང་བྱེད་དགོས”ཞེས་གདུགས་དཀར་གྱིས་དེ་མ་ཐག་ཏུ་སྲུང་སྐྱོང་ས་ཚིགས་ཀྱི་དཔོན་པོ་ཀརྨ་ཡར་འཕེལ་ལ་གནས་ཚུལ་ཡར་ཞུ་བྱས།
ཉིན་དེར་ཨ་ཆེན་གངས་རྒྱབ་ཏུ་ཁ་བ་བུ་ཡུག་འཚུབ་སྟེ་གྲང་ངར་ཤིན་ཏུ་ཆེ་ནའང་། སྲུང་སྐྱོང་ས་ཚིགས་ཀྱི་རུ་མི་རྣམས་དེ་མ་ཐག་ཏུ་ལམ་ལ་ཆས། ལམ་ཁར་ཉེན་བརྡའི་མཚོན་རྟགས་བཞག་པ་དང་རུ་མི་ཚོར་ལས་བགོས་ལེགས་པོ་བྱས། མི་གཉིས་ཀྱིས་འགྲོ་འོང་གི་རླངས་འཁོར་བཀག་ནས་ལམ་འགྲམ་དུ་འདུག་ཏུ་བཅུག་པ་དང་། མི་གཅིག་གིས་གཙོད་ཁྱུའི་འགུལ་སྟངས་ལ་ལྟ་བ་དང་གཅིག་གིས་བཤེར་འཇལ་གཞི་གྲངས་ཟིན་ཐོར་བཀོད།
ཚང་མས་རྣམ་རིག་བསྒྲིམས་ནས་གཙོད་ཁྱུ་བདེ་བླག་གིས་གཞུང་ལམ་བརྒལ་བར་རེ་བ་བྱས་མོད། འོན་ཀྱང་ལྷན་སྐྱེས་ཀྱི་ཚོར་བ་སྐྱེན་པོའི་གཙོད་ཁྱུ་དུས་ཡུན་རིང་པོར་མདུན་སྐྱོད་མི་བྱེད་པས། རུ་མི་རྣམས་ཀྱིས་གནས་སྐབས་སུ་གཞུང་ལམ་གྱི་བཀག་རྒྱ་གཏོར་ཏེ་རླངས་འཁོར་གྱི་འགྲོ་འོང་སླར་གསོ་མི་བྱེད་ཐབས་མེད་བྱུང་། ཉིན་དེའི་ཕྱི་དྲོར་དེ་ལྟ་བུའི་བཀག་སྡོམ་ཡང་བསྐྱར་ཐེངས་གཅིག་བྱས་ནའང་། གཙོད་ཁྱུ་སྔར་བཞིན་གཞུང་ལམ་མ་བརྒལ།
“གཞུང་ལམ་བརྒལ་ཐལ། བརྒལ་ཐལ།”ཞེས་ཟླ5པའི་ཚེས7ཉིན་གྱི་ས་སྲོད་དུ། ད་གཟོད་གཙོད158ཀྱིས་གྲུབ་པའི་གཙོད་ཁྱུ་སྐོར་དང་པོ་བདེ་བླག་ངང་མཚོ་བོད་གཞུང་ལམ་བརྒལ།
“གཙོད་ཁྱུ་བདེ་བླག་གིས་གཞུང་ལམ་བརྒལ་བ་མཐོང་རྗེས།ངལ་དུབ་ཡོད་ཚད་གར་སོང་ཆ་མེད་དུ་གྱུར་སོང”ཞེས་གདུགས་དཀར་གྱིས་དེ་ལྟར་བཤད།
གཙོད་ཁྱུ་བདེ་བླག་གིས་གཞུང་ལམ་བརྒལ་བའི་དུས་ཡུན་སྐད་ཅིག་མ་དེའི་ཆེད་དུ། རུ་མི་རྣམས་བསྟུད་མར་ཉིན་འགའ་ལ་ཞོགས་པའི་ཆུ་ཚོད་བདུན་ནས་དགོང་མོ་ས་རུབ་རག་བར་དུ་གཞུང་ལམ་འགྲམ་རྒྱུད་ནས་གཙོད་ཁྱུའི་འགུལ་སྐྱོད་ལ་དོ་སྣང་བྱས།
བསྟུད་མར་ཉིན་འགའ་ལ་ཨ་ཆེན་གངས་རྒྱབ་ཏུ་ཁ་བ་བབས་ཏེ་གནམ་གཤིས་གོར་ཐིག་མན་གྱི་ཏུའུ3ནས4ཡི་བར་ཡིན་མོད། འོན་ཀྱང་རུ་མི་རྣམས་ཀྱིས་ལྷོད་གཡེང་སྤུ་ཙམ་བྱེད་མི་རུང་ལ།གཙོད་ཁྱུ་གཞུང་ལམ་དང་ཉེ་བར་བཅར་བ་མཐོང་སྐབས་མྱུར་བ་མྱུར་དུ་རླངས་འཁོར་བཀག་སྟེ་དོ་དམ་བྱེད་པ་དང་། ངང་རྒྱུད་རིང་མོས་རེ་སྒུག་བྱེད་དགོས་ལ། གཙོད་ཁྱུ་གཞུང་ལམ་བརྒལ་འདོད་མེད་པ་ཚོར་རྗེས། མྱུར་དུ་འགྲིམ་འགྲུལ་སླར་གསོ་བྱེད་དགོས། དེ་ནི་གནས་སྤོ་དུས་ཚིགས་ནང་སྲུང་སྐྱོང་ས་ཚིགས་ཀྱིས་བསྒྲུབ་དགོས་པའི་བྱ་བ་རེད།
སྲུང་སྐྱོང་ས་ཚིགས་ཀྱི་དཔོན་པོ་ཀརྨ་ཡར་འཕེལ་གྱིས་གསར་འགོད་པར་བཤད་རྒྱུར། སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱི་འགན་འཁྲི་གཙོ་བོའི་གྲས་ཀྱི་གཅིག་ནི་གཙོད་ཁྱུ་གནས་སྤོ་བ་དང་ཕྱིར་ལོག་པའི་སྐབས་སུ་དེ་ཚོ་བདེ་འཇགས་ཀྱི་སྒོ་ནས་མཚོ་བོད་གཞུང་ལམ་བརྒལ་དུ་འཇུག་རྒྱུ་དེ་ཡིན་པས། ཟླ4པའི་ཚེས28ཉིན་ནས་བཟུང་། སྲུང་སྐྱོང་ས་ཚིགས་ཀྱིས་གཙོད་ཁྱུ་གནས་སྤོ་བའི་དུས་ཚིགས་ཀྱི་སྲུང་སྐྱོང་བྱ་བར་གྲ་སྒྲིག་ལེགས་པོ་བྱས་ཡོད་མོད། འོན་ཀྱང་ད་ལོའི་སྲུང་སྐྱོང་བྱ་བ་དེ་སྔར་མེད་ཀྱི་འགྲན་སློང་དང་འཕྲད་ཡོད། མཚོ་བོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་རིམ་སྤར་ཨར་ལས་བྱེད་ཀྱིན་ཡོད་པས། སྔོན་ཆད་ཀྱི་སྣུམ་ལམ་དེ་ས་ལམ་དུ་གྱུར་ཡོད། ཁོར་ཡུག་གི་འགྱུར་ལྡོག་ཕྲ་མོ་དེས་མ་གཞི་ནས་ཚོར་བ་སྐྱེན་ལ་སྙིང་ཆུང་བའི་གཙོད་ཁྱུ་ལ་འདྲོག་བསླངས་པ་རེད།
“ང་ཚོས་ཨར་ལས་སྡེ་ཁག་ལ་གནས་སྤོ་དུས་ཚིགས་སུ་ཨར་ལས་བྱེད་མཚམས་འཇོག་དགོས་པའི་བརྡ་སྦྱོར་བཏང་བ་དང་། སྡེ་ཁག་སོ་སོས་ཀྱང་རྒྱབ་སྐྱོར་དང་རོགས་འདེགས་ཆེན་པོ་བྱས་ཏེ་ཨར་ལས་བྱེད་མཚམས་བཞག་ནའང་གནོན་ཤུགས་ཆེན་པོ་བྱིན་སོང”ཞེས་སྲུང་སྐྱོང་ས་ཚིགས་ཀྱི་དཔོན་པོ་ཀརྨ་ཡར་འཕེལ་གྱིས་དེ་ལྟར་བཤད། སྔོན་ཆད་གཙོད་ཁྱུ་ཆེས་མང་ནའང་གཞུང་ལམ་འགྲམ་ནས་ཉིན་གཅིག་ལས་འགོར་འགྱངས་མི་བྱེད་མོད།ད་ལོར་ཐེ་ཚོམ་གྱིས་འགོར་འགྱངས་བྱས་པའི་དུས་ཡུན་མངོན་གསལ་གྱིས་ཇེ་རིང་དུ་སོང་ཡོད།
སྲུང་སྐྱོང་མི་སྣའི་བརྟན་སྲུང་དང་འགྲོ་འོང་རླངས་འཁོར་གྱི་རོགས་འདེགས་སོགས་ཚང་མའི་བྱམས་བརྩེ་དང་དཀྱེལ་ཡངས་ཀྱིས་རི་དྭགས་ཀྱི་སེམས་པ་གསོས་ཤིང་། ཚེ་སྲོག་གི་རྒྱང་སྐྱོད་འདི་ལ་བདེ་འཇགས་ཀྱི་བར་སྟོང་འདང་ངེས་ཤིག་སྦྱིན་ཡོད།
འབྲོང་གནས་མཚེའུ་ཡི་འགྲམ་ནས་ཚེ་སྲོག་ལ་འདབ་ལག་རྒྱས།
འབྲོང་གནས་མཚེའུ་ཡི་མཚོ་འཕགས་སྨི5000ལ་ཉེ་བ་ཡོད་ལ། གཙོད་ཕྲུག་རྩེབས་སའི་གནས་གཙོ་བོ་ཞིག་རེད། སྲུང་སྐྱོང་ས་ཚིགས་དེ་ནི་ལོ་རེའི་ཟླ5པ་ནས་ཟླ8པའི་བར་གྱི་དུས་ཚིགས་རང་བཞིན་གྱི་ས་ཚིགས་ཡིན་ལ། རུ་མི་རྣམས་གནས་དེ་རུ་བསྡད་དེ་གཙོད་ཕྲུག་རྩེབས་པ་དང་རྩེབས་ཚར་རྗེས་བདེ་འཇགས་ཀྱིས་ཕྱིར་ལོག་པར་སྲུང་སྐྱོང་བྱེད་ཀྱིན་ཡོད།
ཟླ4པའི་ཚེས13ཉིན། སྲུང་སྐྱོང་ས་ཚིགས་ཀྱི་དཔོན་པོ་དཔལ་མགོན་གྱིས་རུ་མི་དྲུག་ཁྲིད་དེ་ན་གོར་མོ་ནས་ལམ་ལ་ཆས་ཤིང་། བསོད་ནམས་སྟོབས་རྒྱལ་སྲུང་སྐྱོང་ས་ཚིགས་སུ་ཞག་གཅིག་ལ་ངལ་གསོས་རྗེས།ཟླ4པའི་ཚེས14ཉིན་གྱི་ས་སྲོད་དུ་འབྲོང་གནས་མཚེའུ་སྲུང་སྐྱོང་ས་ཚིགས་སུ་འབྱོར་ཏེ། དུས་ཡུན་ཟླ་གསུམ་ལྷག་གི་གཏན་སྲུང་བྱེད་པའི་བྱ་བར་གྲ་སྒྲིག་བྱས།

“གནས་འདིར་རྒྱུན་དུ་བྱེ་རླུང་གཡུག་པས། དགུན་ཟླ་རིང་མོ་ཞིག་ལ་ས་ཚིགས་སུ་བྱེ་རྡུལ་གྱིས་ཁེངས་ཡོད། ང་ཚོས་གནས་སྤོ་དུས་ཚིགས་མ་སླེབས་པའི་སྔོན་ལ། ས་ཚིགས་ལ་གཙང་སྦྲ་ཡག་པོ་བྱས་ཏེ་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས”ཞེས་དཔལ་མགོན་གྱིས་དེ་ལྟར་བཤད། ཐེངས་འདིར་རུ་མི་རྣམས་ཀྱིས་ཉིན8ཀྱི་དུས་ཡུན་སྤྱད་དེ་སྲུང་སྐྱོང་ས་ཚིགས་ལ་གཙང་སྦྲ་བྱས་ཚར། དཔལ་མགོན་དགོད་ཞོར་དུ་བཤད་རྒྱུར།འབྲོང་ནག་མཚེའུ་ཡི་མཚོ་འཕགས་མཐོ་བའི་དབང་གིས་བྲེལ་འཚུབ་ཀྱིས་ངལ་རྩོལ་བྱེད་མི་རུང་།
ངལ་གསོ་བའི་བར་གསེང་དུ་ཁོ་ཚོས་མཐའ་འཁོར་གྱི་གཙོད་ཁྱུ་ལ་དོ་སྣང་བྱེད་ཀྱིན་འདུག “ད་ལྟ་མཐོང་ཐུབ་པའི་གཙོད་ཁྱུ་ནི་གཙོད་རེ་འགའ་ཡིས་གྲུབ་པའི་གཙོད་ཁྱུ་ཉུང་ཉུང་ཡིན་ལ། དེ་ཚོ་མཚེའུ་རེ་རེའི་བར་དུ་གནས་སྤར་ཏེ་གཟན་འཚོལ་བཞིན་ཡོད།” དཔལ་མགོན་གྱིས་ལོ་ངོ་བཅུ་ལྷག་ལ་ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱས་ནའང་། གཙོད་མཐོང་སྐབས་ཁོར་སྔར་བཞིན་སེམས་འགུལ་ཐེབས། “གྲོགས་པོ་རྙིང་པ་ཞིག་དང་འཕྲད་པ་བཞིན། ཁོ་ཚོ་རང་དབང་གིས་འདུར་རྒྱུག་བྱེད་པ་དང་བག་ཕེབས་ངང་ངལ་གསོ་བ་མཐོང་སྐབས།བརྟན་སྲུང་དང་བློས་བཏང་ཡོད་ཚད་ལ་དོན་སྙིང་ཆེན་པོ་ཡོད་པར་སྙམ།”
སྔོན་ཆད་ཀྱི་ཆོས་ཉིད་ལྟར་ན། ཟླ5པའི་ཟླ་སྟོད་དུ་གཙོད་ཁྱུ་བདེ་བླག་གིས་མཚོ་བོད་གཞུང་ལམ་བརྒལ་བ་དང་། ཟླ6པའི་ཟླ་དཀྱིལ་དུ་འབྲོང་ནག་མཚེའུ་ཡི་ཉེ་འགྲམ་དུ་ཐོན་ངེས་པས། རུ་མི་རྣམས་ཟླ5པའི་ཟླ་མཇུག་ཏུ་ས་ཚིགས་སུ་འབྱོར་ཏེ། གཙོད་ཕྲུག་རྩེབས་པ་དང་དེ་ནས་གཙོད་ཕྲུག་ཁྲིད་དེ་ཕྱིར་ལོག་རག་བར་གྱི་གོ་རིམ་ཧྲིལ་པོར་སྲུང་སྐྱོང་བྱེད་དགོས།
སྐབས་འདིའི་འབྲོང་ནག་མཚེའུ་ད་རུང་ཁ་བས་གཡོགས་ཤིང་གྲང་རླུང་འུར་འུར་ལྡང་མོད། འོན་ཀྱང་རུ་མི་རྣམས་གནས་འདིའི་དཀའ་སྡུག་ལ་ལོབས་ཡོད། གཙོད་ཁྱུ་ཕྱིར་ལོག་པའི་སྐབས་སུ་ཁོ་ཚོས་ད་རུང་ལུས་སྟོབས་ཞན་པ་དང་རྨས་ཕོག་པ།གཙོད་ཁྱུ་དང་བྲལ་བ་སོགས་ཀྱི་གཙོད་ཕྲུག་ལ་བདག་སྐྱོང་བྱས་ཏེ་བསོད་ནམས་སྟོབས་རྒྱལ་སྲུང་སྐྱོང་ས་ཚིགས་སུ་སྐྱེལ་བའི་འགན་འཁུར་དགོས།
AIཡིས་མཐོ་སྒང་གི་སྐྱེ་ཁམས་ལ་ནུས་པ་བསྩལ།
ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལེན་ཞིན་མིང་གིས་བསྟུད་མར་ལོ24ཡི་རིང་ལ་གཙོད་ཁྱུ་གནས་སྤོ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་དུས་དང་རྣམ་པ་ཀུན་ཏུ་ད་ལོའི་གཙོད་ཁྱུ་སྐོར་དང་པོའི་གནས་སྤོ་བའི་གནས་ཚུལ་ལ་དོ་ཁུར་བྱེད་ཀྱིན་འདུག
སྔོན་ཆད་དང་མི་འདྲ་བ་ཞིག་ནི། ད་ལོ་ཁོ་རང་གཞུང་ལས་ཁང་དུ་བསྡད་དེ་གཙོད་ཁྱུ་སྨུག་པ་ལ་སྒང་གི་ཉེ་འགྲམ་དུ་གནས་སྤོ་བའི་གནས་ཚུལ་ལ་ལྟ་ཐུབ།
འདི་ནི་ད་ལོའི་ཁོ་ཚོའི་ཞིབ་འཇུག་གྲུབ་འབྲས་གྲས་ཀྱི་གཅིག་ཡིན་པ་སྟེ། གཙོད་ཁྱུ་གནས་སྤོ་བར་རིག་ནུས་དོ་དམ་བྱེད་པའི་མ་ལག་རེད།
“ལས་གཞི་འདི་ན་ནིང་ནས་བཟུང་སྟེ་མགོ་བརྩམས་པ་ཡིན། གཙོ་བོ་གཙོད་ཁྱུ་གནས་སྤོ་སྐབས་ཀྱི་ཁྱབ་ཚུལ་དང་གཞུང་ལམ་བརྒལ་བའི་འགུལ་སྐྱོད་འཚོལ་ཞིབ་བྱས་པ་དང་། AIདབྱེ་འབྱེད་ལག་རྩལ་སྤྱད་དེ་རིག་ནུས་བཤེར་འཇལ་དོ་དམ་བྱེད་པའི་མ་ལག་གསར་སྤེལ་བྱས་ཏེ། གཙོད་ཁྱུའི་ལམ་བར་གྱི་བགེགས་དང་བར་ཆད་འབྱུང་ཚད་ཇེ་དམའ་རུ་གཏོང་བ་དང་། གཙོད་ཁྱུ་བདེ་བླག་གིས་གནས་སྤོ་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན།”
ཟླ4པའི་ཟླ་མཇུག་ཏུ། ལེན་ཞིན་མིང་དང་ཞིབ་འཇུག་ཚོགས་པ་སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་སུ་ཡོང་ནས། ཉེ་འདབས་སུ་བརྙན་མིག11བཙུགས་པ་དང་། དེ་དག་ལས་མཚོ་བོད་མཐོ་སྒང་གི་སྨུག་པ་ལ་སྒང་བར་མཚམས་དེའི་གཙོད་ཁྱུ་གནས་སྤོ་ལམ་ཐིག་ཡོངས་ཕལ་ཆེར་མཐོང་ཐུབ།
“ད་ལྟ་བརྙན་མིག་དེ་དག་གིས་རྒྱུ་ཆ་འཚོལ་སྡུད་བྱེད་ཀྱིན་པའི་སྒང་ཡིན་ལ། རྒྱུ་ཆ་དེ་དགAIཡིས་དབྱེ་འབྱེད་དང་། ཡང་དང་བསྐྱར་དུ་བརྩི་ཐབས་ལེགས་སྒྲིག་བྱས་པ་བརྒྱུད། སྲོག་ཆགས་གང་ཞིག་ཡིན་པ་གནད་ཁེལ་སྒོས་དབྱེ་འབྱེད་བྱེད་ཐུབ་པས། ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བར་རྨང་གཞི་བརྟན་པོ་འདིང་ཐུབ།”
ལེན་ཞིན་མིང་གི་འཆར་གཞིའི་ཁྲོད་ཀྱི་གཙོད་ཁྱུའི་རིག་གནས་དོ་དམ་ཚོད་འཛིན་མ་ལག་ནི་བཤེར་འཇལ་སྒྲིག་ཆས་ཁོ་ན་ཙམ་མ་ཡིན་པར། མ་འོངས་པར་གཙོད་ཁྱུ་གནས་སྤོ་བར་སྲུང་སྐྱོང་བྱེད་པའི“རིག་ནུས་ཀྱི་ཀླད་པ”ཞིག་ཀྱང་རེད།

“ང་ཚོའི་ཆེས་མཇུག་མཐའི་དམིགས་འབེན་ནི། མ་ལག་འདི་རང་འགུལ་ཅན་གྱི་འགྲིམ་འགྲུལ་སྒྲིག་ཆས་མ་ལག་ཏུ་བསྒྱུར་རྒྱུ་དེ་ཡིན།” ལེན་ཞིན་མིང་གིས་བཤད་རྒྱུར། ལོ་རེའི་གནས་སྤོ་དུས་ཚིགས་སུ། སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱི་རུ་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཙོད་ཁྱུ་ལ་དོ་སྣང་དང་འགྲིམ་འགྲུལ་ལ་དོ་དམ་བྱེད་དགོས་པར་མ་ཟད། བརྙན་ཕབ་སྟེ་ཟིན་ཐོར་འགོད་དགོས་པས་དཀའ་སྡུག་ཆེན་པོ་མྱོང་བཞིན་འདུག མ་ལག་འདི་ཡོད་ན་གཙོད་ཁྱུ་ཕྱོགས་གཅིག་ཏུ་འདུ་བཞིན་པ་ཤེས་པས། གཙོད་ཁྱུ་རྒྱུ་བའི་སྐབས་སུ་གློག་སྒྲོན་དམར་པོར་འགྱུར་བ་དང་གཙོད་ཁྱུ་གཞུང་ལམ་བརྒལ་ཚར་རྗེས་གློག་སྒྲོན་ལྗང་ཁུར་འགྱུར་བས། མི་ཤུགས་གྲོན་ཆུང་བྱེད་ཐུབ་པར་མ་ཟད། གནས་སྤོ་སྲུང་སྐྱོང་བྱ་བ་སྔར་ལས་ནུས་ལྡན་དུ་བསྒྱུར་ཐུབ། 2002ལོར་གནས་སྤོ་བགྲོད་ལམ་བཏོད་དེ་མིས་ཐབས་ཀྱིས་སྲུང་སྐྱོང་བྱས་པ་ནས། གཙོད་ཁྱུ་གནས་སྤོ་བའི་བགྲོད་ལམ་རིག་ནུས་ཅན་དུ་བསྒྱུར་བའི་མ་ལག་གསར་སྤེལ་བྱས་པའི་བར་དུ། ལོ་ངོ20ལྷག་འགོར་བ་དང་། གཙོད་ཁྱུ་ལ་སྲུང་སྐྱོང་བྱེད་པའི་བྱ་བ་དེ་གཞན་དབང་རོགས་སྐྱོབ་ནས་རིམ་གྱིས་རང་དབང་དོ་དམ་དང་མིས་ཐབས་ཀྱིས་བརྟན་སྲུང་བྱས་ནས་རིག་ནུས་སུ་བསྒྱུར་མགོ་བརྩམས།
“སྔོན་དཔག་གི་ནུས་པ་ཐོན་དགོས་ན། ད་རུང་བྱ་བ་མང་པོ་ཞིག་བསྒྲུབ་དགོས”ཞེས་ལེན་ཞིན་མིང་གིས་དེ་ལྟར་བཤད། གཙོད་ཁྱུ་གནས་སྤོ་བ་དང་ཕྱིར་ལོག་པའི་དུས་ཀྱི་རྒྱུ་ཆའི་གཞི་གྲངས་འཚོལ་སྡུད་བྱེད་པ་དང་། རྩི་ཐབས་བསྟུད་མར་ལེགས་སྒྱུར་བྱེད་པ། AIདབྱེ་འབྱེད་ཀྱི་གནད་ཁེལ་ཚད་དང་ལན་སློག་པའི་མྱུར་ཚད་ཇེ་མཐོར་གཏོང་བ་སོགས་བྱེད་དགོས། “སང་ལོ་དོན་ཐོག་ཏུ་འཁྱོལ་བར་རེ་བ་བྱེད་ཀྱིན་ཡོད”ཅེས་ལེན་ཞིན་མིང་གི་གདོང་ལ་རེ་ལྟོས་ཀྱིས་ཁེངས་འདུག
ལེན་ཞིན་མིང་གིས་བཤད་རྒྱུར། ད་ཡོད་ཀྱི་ཞིབ་འཇུག་འབྲས་བུ་ལ་བལྟས་ན། གཙོད་ཁྱུ་མཚོ་བོད་གཞུང་ལམ་མ་བརྒལ་ན། གཙོད་ཀྱིས་གཙོད་ཕྲུག་རྩེབས་པར་གནོད་པ་མི་ཐེབས་མོད། འོན་ཀྱང་ཨ་ཆེན་གངས་རྒྱབ་ཀྱི་གཟན་ཕྲེང་ཧྲིལ་པོ་དོ་མཉམ་ཡོང་བར་གནོད་པ་ཐེབས་པས། གཙོད་ཁྱུ་བདེ་བླག་གིས་གནས་སྤོ་བར་སྲུང་སྐྱོང་བྱེད་པ་དེ་ནི་སྲོག་ཆགས་རིགས་གཅིག་ལ་སྲུང་སྐྱོང་བྱས་པ་ཙམ་མ་ཡིན་པར། ཨ་ཆེན་གངས་རྒྱབ་ཡོངས་ཀྱི་སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོང་དང་། སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད། །