ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཐ་ལི་ཁི་ལ་མཇལ་འཕྲད་གནང་། ཁུངས། ཀྲུང་དབྱང་གསར་འགྱུར་མཉམ་སྒྲོག ཀློག་གྲངས། ཟླ6ཚེས26ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་བྷང་ག་ལའི་ཙུང་ལི་ཐ་ལི་ཁི་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་དུས་རབས་གསར་པའི་ཀྲུང་གོ་དང་བྷང་ག་ལའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་མཉམ་དུ་ཁྱབ་བསྒྲགས་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་སྟེ། བྷང་ག་ལའི་མི་དམངས་ཡོངས་ལ་ཕྱོགས་པའི་ཁྱིམ་མཚེས་མཛའ་བརྩེའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་ཆེ་རུང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་བྷང་ག་ལའི་མཛའ་བརྩེའི་ཁ་ཕྱོགས་ཆེན་པོར་གཡོ་འགུལ་མི་གཏོང་བར། བྷང་ག་ལའི་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བྱེད་འོས་པའི་གྲོགས་པོ་བཟང་པོ་དང་། ཁྱིམ་མཚེས་བཟང་པོ། རོགས་ཟླ་བཟང་པོ་བྱ་རྒྱུ་ཡིན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན། ལོ་རྒྱུས་ལ་ཕྱིར་བལྟ་ཞིག་བྱས་ན། ང་ཚོས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དབུལ་ཞིང་ཞན་པ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པར། རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་དང་། རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་ལ་བརྟེན་པ་ཡིན། ཀྲུང་གོའི་ཕྱོགས་ནས་བྷང་ག་ལ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། རང་བདག མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱས་ནས། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་པ་ཡིན། བྷང་ག་ལ་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། རིམ་པ་སོ་སོའི་བར་གྱི་འགྲོ་འོང་དམ་ཟབ་དང་། འཐབ་ཇུས་འབྲེལ་འདྲིས་ཟབ་སྤེལ། ཆབ་སྲིད་ཐད་ནས་ཕན་ཚུན་བར་ཡིད་ཆེས་ཆེ་རུ་བཏང་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོར་འབྲེལ་བའི་གནད་དོན་གྱི་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁྱིམ་མཚེས་འཆམ་མཐུན་དང་བདེ་འཇགས། ཕྱུག་པོ་ཡོང་བའི་སྲིད་ཇུས་དང་མཛའ་བརྩེ། ཕན་ལྡན། བཟོད་སྒོམ་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་རྒྱུན་ཆད་མེད་པར་མཐའ་འཁོར་རྒྱལ་ཁབ་ལ་གོ་སྐབས་གསར་པ་དང་སྒུལ་ཤུགས་གསར་པ་མཁོ་འདོན་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལའི་སྲིད་གཞུང་གསར་བས་སྲིད་ཇུས་བདེ་བླག་ངང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། བྷང་ག་ལའི་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་མཉམ་སྐྲུན་བྱས་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས། གཙོ་གནད་མཉམ་ལས་གོ་རིམ་ལྡན་པའི་འཆར་འགོད། ལྗང་མདོག་ཐཱན་ཉུང་དང་། གྲངས་འཛིན་དཔལ་འབྱོར། ཆ་འཕྲིན་ལག་རྩལ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བག་ཤུགས་སྔོག་འདོན་བྱས་ནས། སྨན་བཅོས་དང་། རིག་གནས། སློབ་གསོ། ས་གནས་སོགས་ཀྱི་བརྗེ་རེས་སྤེལ་ནས། ཀྲུང་གོ་དང་འབར་མ། བྷང་ག་ལའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་མཐུད་དང་མཉམ་ལས་ལ་ཤུགས་བསྣན་ནས། འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ཀྱི་ལུགས་མཐུན་ཁེ་དབང་དང་འཛམ་གླིང་ཡོངས་ཀྱི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྔར་སྲུང་སྐྱོབ་བྱེད་འདོད་ཡོད། ཐ་ལི་ཁི་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ནི་རླབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས། བྷང་ག་ལའི་ཕྱི་འབྲེལ་སྲིད་ཇུས་ཁྲོད་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་ཟིན་ཡོད་དེ། བྷང་ག་ལ་ཕྱོགས་ཀྱི་གཅེས་སྤྲས་དང་བློས་འགེལ་ཆོག་པའི་གྲོགས་པོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་པའི་བྷང་ཀྲུང་ལས་སྐལ་གཅིག་མཐུན་ཚོགས་པའི་ཆུ་ཚད་གསར་པར་སླེབས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་བླངས་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བྷང་ག་ལའི་སློབ་སྦྱོང་གི་མིག་དཔེ་ལྟ་ས་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཏང་བར་གྱི་སྤེལ་རེས་ལ་ཤུགས་བསྣན་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། དཔལ་འབྱོར་ཉོ་ཚོང་དང་ཕན་ཚུན་འབྲེལ་མཐུད། ཞིང་ལས། ཚན་རྩལ། ལྗང་མདོག་ནུས་ཁུངས། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་དམ་ཟབ་བྱས་ནས། བྷང་ག་ལ་རྒྱལ་ཁབ་དེང་རབས་ཅན་མངོན་འགྱུར་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱས་ནས། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་བསམ་ཡོད་ལ། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཨང2758པའི་གྲོས་ཆོད་ཀྱི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་བཏོན་པ་དེས། འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད། ཝང་དབྱི་མཇལ་འཕྲད་ལ་ཞུགས།