ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་མི་དམངས་ཏང་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཁམ་ཕུ་ཁྲེའི་མི་དམངས་ཏང་གི་འགོ་ཁྲིད་པས་ཁམ་ཕུ་ཁྲེར་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་དར་རྒྱས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པའི་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་ནིང་ཟླ་བཞི་བར། ངས་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ཁམ་ཕུ་ཁྲེའི་འགོ་ཁྲིད་དང་མཉམ་དུ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་ཏུ་ཀྲུང་ཁམ་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་འཛུགས་པར་འགོ་བརྩམས་པ་ཡིན། ལོ་གཅིག་ལྷག་གི་རིང་། རྒྱལ་ཁབ་གཉིས་བར་ཕན་ཚུན་ཡིད་ཆེས་ཇེ་ཆེ་རུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་ནས། ཀྲུང་ཁམ་སྲོལ་རྒྱུན་མཛའ་མཐུན་གྱི་དུས་རབས་ཀྱི་ནང་དོན་གསར་པ་མངོན་པར་བྱས། ཀྲུང་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་འདི་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་གཙོ་གནད་ཁ་ཕྱོགས་སུ་བརྩིས་ནས། ཁམ་ཕུ་ཁྲེའི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་། རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་ཕྱོགས་ཀྱིས་ཁམ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་སྲུང་དང་། འཕེལ་རྒྱས་མཉམ་གཉེར། དར་རྒྱས་མཉམ་བསྐྲུན་བཅས་བྱས་ནས། ཀྲུང་ཁམ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་མིག་དཔེ་སྟོན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད་པ་དང་། ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་འགྱུར་ལྡོག་གི་ཁྲོད་འགན་འཁུར་ཕོད་པ་དང་ཟང་ཟིང་གི་རྣམ་པའི་ཁྲོད་ཡང་དག་པའི་འགྲོ་ལམ་བསྲུངས་ཏེ། ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་སྔར་བས་མང་བའི་བརྟན་བརླིང་རང་བཞིན་སྩོལ་དགོས། གཅིག་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཁྲོད་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། གྲུབ་འབྲས་ཆེན་པོ་ཐོབ་ནས་ཕན་ཚུན་ཡིད་ཆེས་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས། ཀྲུང་ཕྱོགས་ཀྱིས་ཁམ་ཕྱོགས་དང་ཏང་བར་གྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། ཏང་གི་སྲིད་སྐྱོང་ནུས་པ་མཉམ་དུ་མཐོ་རུ་གཏོང་འདོད་ཡོད། གཉིས་ནས་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུ་རུ་བསྐྱོད་དགོས། ཕྱོགས་གཉིས་ཀྱིས“བཟོ་ལས་འཕེལ་རྒྱས་བར་ཁྱམས”དང“ཉ་དང་འབྲས་ཡི་བར་ཁྱམས”ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཁམ་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་སྔར་བས་ལེགས་པའི་སྒོ་ནས་དམངས་འཚོར་ཕན་པ་ཐོབ་པར་སྐུལ་འདེད་བཏང་ནས། ཀྲུང་ཁམ་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། གསུམ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་དགོས། ཀྲུང་ཕྱོགས་ཀྱིས་ཁམ་ཕྱོགས་དང་མཉམ་དུ་བདེ་འཇགས་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད། ཀྲུང་ཕྱོགས་ཀྱིས་ཁམ་ཕྱོགས་ཀྱིས་གློག་འཕྲིན་དྲ་རྒྱའི་མགོ་བསྐོར་གཙང་སེལ་བྱེད་པའི་ཆོད་སེམས་དང་འགུལ་སྤྱོད་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཁམ་ཕྱོགས་དང་མཉམ་དུ་མུ་མཐུད་ཤུགས་བསྣན་ནས། གློག་འཕྲིན་དྲ་རྒྱའི་མགོ་བསྐོར“འབྲས་སྐྲན”རྦད་དེ་མེད་པར་བཟོ་འདོད་ཡོད། བཞི་ནས་འཐབ་ཇུས་མཉམ་ལས་ཀྱི་མིག་དཔེ་བསྐྲུན་དགོས། ཀྲུང་ཕྱོགས་ཀྱིས་ཁམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་བ་མ་ཟད། ཀྲུང་ཕྱོགས་ཀྱིས་བཏོན་པའི་འདུ་ཤེས་དང་གྲོས་འགོ་གལ་ཆེན་ལ་སྔོན་ལ་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཀྲུང་ཕྱོགས་ཀྱིས་ཁམ་ཕྱོགས་དང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། ས་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་གྱི་གཞི་རྩའི་ཕྱོགས་དང་མཉམ་ལས་གཉིས་ཕན་གྱི་ཁ་ཕྱོགས་ཆེན་པོ་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་འདོད་ཡོད།
ཧུང་སིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁམ་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འགྱུར་མེད་རྡོ་རྗེ་ལྟ་བུའི་མཛའ་མཐུན་དང་། ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཁམ་ཀྲུང་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་གདེང་འཇོག་ཧུར་ཐག་གནང་བར་རྦད་དེ་མོས་མཐུན་ཡོད་པར་བསྟན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོར་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ནས། འཛམ་གླིང་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་ཁམ་ཕུ་ཁྲེ་ཚུད་པའི་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་བརྟན་བརླིང་དང་འཕེལ་རྒྱས་ཆེད་བྱས་རྗེས་གལ་ཆེན་ཕུལ་ཡོད། ཀྲུང་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་སྲིད་གཞུང་དང་མི་དམངས་ཏང་གིས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་ལམ་འདེམས་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཁམ་ཕུ་ཁྲེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཁམ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་མཛའ་མཐུན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། ཀྲུང་གོས་རྒྱལ་ཁབ་རྦད་དེ་གཅིག་གྱུར་ཡོང་བ་དང་རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བྱེད་ཆེད་འབད་བརྩོན་བྱས་པ་མཐའ་དག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཁམ་ཕྱོགས་ཀྱིས་ཀྲུང་ཕྱོགས་དང་མཉམ་དུ“ཟུར་ལྔའི་འཐབ་ཇུས”དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། དཔལ་འབྱོར་དང་བདེ་འཇགས། རྒྱལ་སྲུང་། མི་ཚུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་ནི་ཁམ་ཕུ་ཁྲེའི་མིག་སྔའི་ལས་དོན་སྔོན་ལ་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་པས། ཁམ་ཕྱོགས་ཀྱིས་ཀྲུང་ཕྱོགས་དང་མཉམ་དུ་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཁྲིམས་འཛིན་མཉམ་ལས་ལ་རྡུང་རྡེག་ནན་པོ་གཏོང་འདོད་ཡོད། ཁམ་ཕུ་ཁྲེ་ཡིས་ཀྲུང་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་མཉམ་དུ་དོན་འཁྱོལ་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད། ཁམ་ཕུའུ་ཁྲེ་མི་དམངས་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་དང་ཡུན་རིང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཁམ་ཕྱོགས་ཀྱིས་ཀྲུང་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་བརྗེ་རེས་མཉམ་ལས་ཀྱི་བརྗེད་ཐོ་གསར་པ་དོན་འཁྱོལ་ལེགས་པོ་བྱས་ནས། ཁམ་ཀྲུང་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་རམ་འདེགས་བྱེད་འདོད་ཡོད།