ཞི་ཅིན་ཕིང་གིས་ཧྲན་ཏུང་ཏེ་ཀྲོའུ་རུ་རྟོག་ཞིབ་གནང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་24ཉིན་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གནས་བབ་ཧྲིལ་པོ་དང་གཞི་མདོག་དང་འབྲེལ་བ་ཡོད་པས། བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ནུས་སྣང་ཆེ་རུ་གཏོང་བར་ཤུགས་རྒྱག་པ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོའི་ངང་མཁོ་སྤྲོད་ཐུབ་རྒྱུར་འགན་ལེན་བྱེད་པ། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་དང་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱིས། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ལས་ལ་བརྩོན་པ་དང་བློ་གྲོས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཟླ་6ཚེས་24ཉིན་ཞི་ཅིན་ཕིང་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ་དང་ཞིང་ཆེན་གྱི་འགོ་འཛིན་ཀྲོའུ་ནའེ་ཤང་གི་ཕེབས་རོགས་འོག ཏེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད།

དབྱར་འདེབས་ཀྱི་དུས་དང་ཏག་ཏག་འཁེལ་བས། ཞིང་ནང་དང་མུ་ཁར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། ཚེས་24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཏེ་ཀྲོའུ་གྲོང་ཁྱེར་ལིང་ཁྲེང་ཆུས་པེན་ལིན་གྲོང་རྡལ་ཏུང་ཡུས་ཅ་གྲོང་ཚོར་ཕེབས་ནས། ས་གནས་དེ་གའི“དབྱར་ཁའི་འདེབས་གཉེར་སྡུད་གསུམ”གྱི་ཐོན་སྐྱེད་ལས་དོན་གྱི་སྙན་སེང་གསན་པ་དང་། གྲོའི་ཐོན་འབབ་དང་། མ་རྨོས་ལོ་ཏོག་གི་འདེབས་འཛུགས། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་ཞིང་ནང་གི་ཆུ་ཡུར་འགྲམ་དུ་ཕེབས་ནས་ཆུ་ལུད་གཞི་གཅིག་ཅན་གྱི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་བ་དང་། དེ་རྗེས་ཞིང་ནང་ཕེབས་ཏེ་འབྲུ་རིགས་འདེབས་འཛུགས་དུད་ཚང་ཆེ་གྲས་དང་། ཞིང་འཕྲུལ་ཁ་ལོ་བ། ཞིང་ལས་ལག་རྩལ་མི་སྣ་བཅས་དང་མཛའ་བརྩེའི་ངང་སྤེལ་རེས་གནང་ཡོད། ད་ལོ་གྲོ་མུའུ་རེའི་ཐོན་འབབ་སླར་ཡང་མང་དུ་ཕྱིན་པ་དང་མ་རྨོས་ལོ་ཏོག་འདེབས་སྐབས་ཞིང་ལས་ཀྱི་དུས་ཚོད་འཐུས་ཤོར་ཕྱིན་མེད་པ། འདེབས་འཛུགས་མྱུར་ཚད་མགྱོགས་པོ་བཅས་བྱུང་བ་མཁྱེན་སྐབས་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོའི་ངང་མཁོ་སྤྲོད་ཐུབ་པར་འགན་ལེན་བྱ་རྒྱུ་ནི་ཞིང་ལས་ཐོན་སྐྱེད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ་དང་། ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བྱེད་པ། སྔོན་ཐོན་སྤྱོད་གོ་ཆོད་པའི་སྣ་རིགས་དང་། ལག་རྩལ། སྒྲིག་ཆས་བཅས་ཁྱབ་གདལ་ཧུར་ཐག་གཏོང་བ། མུའུ་རེའི་ཐོན་འབབ་མང་དུ་དང་ཕན་འབྲས་བརྟན་པོའི་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་བར་བརྩོན་ལེན་བྱེད་དགོས། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་བྱེད་པ། ཞིང་ལས་ཀྱི་ཆུ་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ། གནམ་གཤིས་སྔོན་བརྡ་གཏོང་བ་དང་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་གནོད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

དེ་རྗེས་ཞི་ཅིན་ཕིང་ཉེ་འཁོར་གྱི“རྒྱལ་ཡོངས་ཤེས་དཔལ་གྲོང་ཚོ”ཞི་ཡུས་ཅ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་ཡོད། ཁོང་གྲོང་ཚོའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས། གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་དམངས་ཕན་ཞབས་ཞུའི་ལས་དོན་སོགས་ཀྱི་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ས་གནས་དེ་གས་ཁུལ་ཁོངས་ཅན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྟངས་མཁྱེན་རྟོགས་གནང་བ་མ་ཟད། ཞིང་ཞོར་ཐོན་རྫས་ཀྱི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཡོད། ཞི་ཅིན་ཕིང་གིས་གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ་དང་། ཡུལ་མི་མང་ཚོགས་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱ་རྒྱུའི་ཐུགས་རེ་གནང་ཡོད། ཁོང་གིས་གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་ནས། གྲོང་ཚོའི་ལས་བྱེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དུས་ཚོད་དང་སེམས་ནུས་སྔར་བས་མང་བ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

གྲོང་མི་ཡུས་ཤིན་ཧུའེ་ཡི་ཁྱིམ་དུ། ཞི་ཅིན་ཕིང་གིས་ཁྱིམ་ཆས་སྒྲིག་གཤོམ་ལ་གཟིགས་ཞིབ་གནང་བ་དང་། ཁོང་ཚོ་དང་ལྷན་དུ་ཞུགས་ནས་ཅི་འཕྲོས་མོས་འཕྲོས་གནང་ཞིང་། ལས་ཞུགས་ཡོང་འབབ་དང་། རྒན་རྒོན་གྱི་བདེ་ཐང་། ཕྲུ་གུའི་སློབ་སྦྱོང་སོགས་ཀྱི་གནས་ཚུལ་ལ་ཐུགས་ཁུར་དང་བཀའ་འདྲི་གནང་བ་མ་ཟད། ཏང་གི“ཞིང་གསུམ”སྲིད་ཇུས་ཚང་མ་དོན་འཁྱོལ་ཡག་པོ་བྱུང་ཡོད་མེད་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཁོང་གིས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་མཐར་ཐུག་དམངས་ལ་ཕན་བདེ་བསྐྲུན་རྒྱུའི་ཐོག་དོན་འཁྱོལ་ཡོང་བ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཞབས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དམངས་ཀྱི་ཆེད་དུ་བརྩེ་བ་ཟབ་མོ་འཆང་བ། མང་ཚོགས་ཀྱི་ཆེད་དུ་བྱ་བ་བཟང་པོ་མང་ཙམ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཀྱིས། མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་དངོས་གནས་དྲང་གནས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།

གྲོང་ཚོ་ནས་ཞལ་གྱེས་སྐབས། གྲོང་མི་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མར“བདུན་གཅིག”འཆར་ལ་ཉེ་བས། ང་ཚོས་ཏང་ལོ་105ལ་སླེབས་པའི་འཁྲུངས་སྐར་ལ་བསུ་བ་ཞུ་རྒྱུ་རེད། ལོ་ངོ་105ཡི་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་ཀྱིས་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། ད་ཆ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བཞིན་ཡོད་པས། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་ལམ་གསར་པའི་ཐོག་བསྐྱོད་དེ་སྔར་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་ནས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་གསུངས་ཡོད། ཁོང་གིས་ཡུལ་མི་ཚོས་ཏང་གི་འགོ་ཁྲིད་འོག ཁྱིམ་གཞིས་སྔར་བས་མཛེས་སྡུག་ལྡན་པ་ཡོང་བར་བྱེད་པ་དང་འཚོ་བ་ཉིན་བཞིན་དྲ་རྒྱས་ཕུན་སུམ་ཚོགས་པོ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།

ཧོ་ལི་ཧྥེང་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།