
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་དགོངས་དོན་གལ་ཆེན་ལག་ལེན་དོན་འཁྱོལ་བྱས་ཏེ། མི་རིགས་སོ་སོའི་རིག་གནས་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་སྦྲེལ་ཟམ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕྱི་ལ་མངོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་མཐུན་སྒྲིལ་འཆམ་མཐུན་དང་སྒོ་འབྱེད་བཅས་ཀྱི་སྤྱི་ཚོགས་རིག་གནས་ཁོར་ཡུག་ལེགས་པོ་བསྐྲུན་པ་བཅས་ལ་དམིགས་ཏེ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བའི“འཆམ་མཐུན་ཀྲུང་ཧྭ། མཉམ་སྤྱོད་མཉམ་འདྲེས།”ཞེས་པ་བརྗོད་དོན་ཡིན་པའི་ཟི་ལིང་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སོ་བརྒྱད་པ་དེ2026ལོའི་ཟླ6པའི་ཚེས27ཉིན་ནས་ཚེས28ཉིན་བར་ཟི་ལིང་ལྷོ་རིའི་སྤྱི་གླིང(མཚོ་སྔོན་གངས་ལྗོངས་དམངས་སྲོལ་བཤམས་སྟོན་ཁང)དུ་འཚོགས་རྒྱུ་རེད།
དུས་ཆེན་གྱི་སྐབས་སུ་རིག་རྩལ་འཁྲབ་སྟོན་དང་། ཡིག་གཟུགས་འགྲེམ་སྟོན། མདའ་འཕེན་འགྲན་སྡུར། ཞིང་ཕྱུགས་ཐོན་རྫས་དང་ཚན་རྩལ་ཁྱབ་གདལ་གྱི་དཔེ་དེབ་འགྲེམ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་འགྲེམ་སྟོན་སོགས་བྱ་འགུལ་ཕུན་སུམ་ཚོགས་པ་བཀོད་སྒྲིག་བྱས་ཡོད་པ་རེད།