“དབྱར་གསུམ”ཐོན་སྐྱེད་ཀྱི་གནད་འགག་གི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཏུང་ཏི་ཀྲོའུ་རུ་ཕེབས་ནས། ཞིང་པའི་གནས་ཚུལ་ལ་རྟོག་ཞིབ་དང་དམངས་འཚོ་འདྲི་རྩད། འཕེལ་རྒྱས་གླེང་སྟེ་བྱེད་ཐབས་ནན་མོ་སྤྱད་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། བརྩོན་འགྲུས་དང་བློ་གྲོས་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་ལས་བྱེད་མང་ཚོགས་ཁྲོད་དགའ་བསུ་ཆེན་པོ་ཐོབ་པ་དང་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་གྱིས་འཐབ་ལམ་གསར་པར་ཡག་པོར་བསྐྱོད་ནས། སྔར་ལས་འོད་སྟོང་འབར་བའི་མ་འོངས་པ་མཉམ་དུ་བསྐྲུན་དགོས་ཚུལ་བསྟན།
ད་ནི་དབྱར་འདེབས་ཀྱི་དུས་ཚིགས་ཡིན་པ་དང་། ཧྲན་ཏུང་ཏི་ཀྲོའུ་ལིན་ཁྲིན་ཆུས་པེན་ལིན་གྲོང་རྡལ་ཡུས་ཅ་སྡེ་བ་ཤར་མར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག སྡེ་བའི་གྲོ་མུའུ1000ལྷག་ད་སོ་མ་བསྡུས་རུང་ཡིན་པ་དང་། ཡུལ་མི་ཚོས་ཚ་ཚ་འུར་འུར་ངང་མ་རྨོས་ལོ་ཏོག་འདེབས་བཞིན་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞིང་ཁར་ཕེབས་ནས་གྲོའི་ཐོན་འབབ་དང་མ་རྨོས་ལོ་ཏོག་འདེབས་འཛུགས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་འདོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།
ཧྲན་ཏུང་ཞིང་ཆེན་ཏི་ཀྲོའུ་གྲོང་ཁྱེར་ལིན་ཁྲིན་ཆུས་པེན་ལིན་གྲོང་རྡལ་ཏུང་ཡུས་ཅ་སྡེ་བའི་འབྲུ་འདེབས་ཁྱིམ་ཆེན་ཡུས་ཧྲུའུ་ལེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ད་ལོའི་ཐོན་འབབ་ཅི་འདྲ་ཡིན་པ་དང་། ལོ་གཅིག་ལ་ཡོང་འབབ་ག་ཚོད་ཡོད་པ་དྲིས། ངས་སྤྱི་ཁྱབ་ཧྲུའུ་ཅིར་ངའི་འདིར་ས་མུའུ400ལྷག་ཡོད་པ་དང་། ལོ་གཅིག་ལ་ཡོང་འབབ་སྒོར་ཆིག་འབུམ་བདུན་ཁྲི་ཡོད་ཅེས་བཤད་པ་ཡིན།
ཧྲན་ཏུང་ཞིང་ཆེན་ཏི་ཀྲོའུ་གྲོང་ཁྱེར་ལིན་ཁྲིན་ཆུས་ཧུའེ་ཝང་ཀྲོང་གྲོང་རྡལ་ཆའོ་ཐོའུ་སུང་སྡེ་བའི་ཞིང་ལས་འཕྲུལ་ཆས་པ་སུང་ཀྲི་ཅེ་ཡིས་བཤད་རྒྱུར། ངས་སྤྱི་ཁྱབ་ཧྲུའུ་ཅིར་ང་ཚོའི་ཞིང་སྡེའི་མང་ཚོགས་ཀྱིས་ད་ལྟ་ཞིང་འདེབས་སྐབས་ཧ་ལམ་ཚང་མ་འཕྲུལ་ཆས་ཅན་ཡིན་ལ། ཐ་ན་ཞིང་ལ་ཆུ་འདྲེན་ནའང་ཚང་མ་ཆུ་ལུད་གཞི་གཅིག་ཅན་དུ་གྱུར་ཡོད་ཅེས་ཡར་ཞུ་བྱས་པ་ན་སྤྱི་ཁྱབ་ཧྲུའུ་ཅི་དགའ་སྤྲོ་ཚད་མེད་སྐྱེས། རྗེས་མར་ངས་ཆེད་ལས་ཀྱི་ཞིང་ལས་འཕྲུལ་ཆས་ཞབས་ཞུའི་མཉམ་ལས་ཁང་ཞིག་བཙུགས་ནས། ང་ཚོའི་མང་ཚོགས་ལ་སྔར་ལས་ཚད་ལྡན་གྱི་ཞབས་འདེགས་ཞུ་མཁོ་འདོན་བྱ་རྩིས་ཡོད།
འབྲུ་རིགས་བདེ་འཇགས་ཡིན་ན་གནམ་འོག་བདེ་འཇགས་ཡིན། ཞིང་ལས་ཞིང་ཆེན་ཆེན་པོ་ཡིན་པའི་ཆ་ནས། ཧྲན་ཏུང་ལ“ཆི་ལུའུ་འབྲུ་མཛོད”ཅེས་པའི་མཚན་སྙན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་སྲུང་བྱ་རྒྱུ་ནི་ཞིང་ལས་ཐོན་སྐྱེད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། འབྲུ་རིགས་ཐོན་སྐྱེད་ཀྱི་རྒྱབ་སྐྱོར་སྲིད་ཇུས་སོ་སོ་དོན་འཁྱོལ་བྱས་ནས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བར་འགན་སྲུང་བཟང་བོ་བྱེད་པ་དང་། སྔོན་ཐོན་དང་སྤྱོད་འཚམ་པའི་རིགས་སྣ་དང་ལག་རྩལ། སྒྲིག་ཆས་བཅས་འབད་པས་ཁྱབ་གདལ་བཏང་སྟེ། མུའུ་རེའི་ཐོན་ཚད་དང་ཕན་འབྲས་བརྟན་འཕར་བྱས་ནས། ལོ་ཧྲིལ་པོར་འབྲུ་རིགས་ལོ་ལེགས་ཡོང་བར་བརྩོན་ལེན་བྱེད་དགོས།
ཧྲན་ཏུང་ཞིང་ཆེན་ཞིང་ལས་ཞིང་སྡེའི་ཐིང་འཕེལ་རྒྱས་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གའོ་ལེ་ཝང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་སྤུས་ཚད་ལ་འབྲེལ་བ་ཡོད་པས། བྱ་ཐབས་ཏན་ཏིག་སྤྱད་ནས་ལས་དོན་སོ་སོ་ལེགས་པར་སྒྲུབ་དགོས་ཞེས་ནན་གྱིས་བསྟན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། འབྲུ་རིགས་བདེ་འཇགས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། འབྲུ་རིགས་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་ཇེ་མཐོར་བཏང་སྟེ་ཆུ་ཚད་སྔར་ལས་མཐོ་བའི“ཆི་ལུའུ་འབྲུ་མཛོད”བསྐྲུན་དགོས།
གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་རབ་མཛེས་ཞིང་སྡེ་འཛུགས་སྐྲུན་བྱེད་པར་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། ཡུས་ཅ་སྡེ་བ་ནུབ་མའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ། སྤྱི་ཁྱབ་ཧྲུའུ་ཅིས་སྡེ་བའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས། སྡེ་བའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་དམངས་མང་ཚོགས་ཀྱི་བརྩོན་སེམས་རང་བཞིན་ལ་སྐུལ་སློང་བྱས་ནས། བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པའི་རེ་བ་ཡོད་ཅེས་གསུངས།
ཧྲན་ཏུང་ཞིང་ཆེན་ཏི་ཀྲོའུ་གྲོང་ཁྱེར་ལིན་ཁྲིན་ཆུས་པེན་ལིན་གྲོང་རྡལ་ཞིས་ཡུས་ཅ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧོང་ཡུན་ཀྲོའུ་ཡིས་བཤད་རྒྱུར། ན་ནིང་བར་དུ། ང་ཚོའི་མང་ཚོགས་ཀྱི་ཡོང་འབབ2020ལོའི་ཡར་སྔོན་དང་བསྡུར་ན་ལྡབ་གཅིག་འཕར་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི4ལ་སླེབས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་དགོས་མཁོར་ཉན་ནས། སྔར་ལས་མཛེས་སྡུག་འཆམ་མཐུན་གྱི་ཕ་ཡུལ་ཞིག་འཛུགས་སྐྲུན་བྱེད་དགོས།
འཕེལ་རྒྱས་ཀྱི་རྩ་བ་ནི་དམངས་ཕན་ལ་ཐུག་ཡོད། སྡེ་མི་ཡུས་ཞིན་ཧུའེ་ཡི་ཁྱིམ་དུ། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཟབ་མོས་ལས་ཞུགས་ཡོང་འབབ་དང་། རྒན་པའི་བདེ་ཐང་། བྱིས་པའི་སློབ་སྦྱོང་སོགས་ཀྱི་གནས་ཚུལ་དྲིས།
ཧྲན་ཏུང་ཞིང་ཆེན་ཏི་ཀྲོའུ་གྲོང་ཁྱེར་ལིན་ཁྲིན་ཆུས་པེན་ལིན་གྲོང་རྡལ་ཞིས་ཡུས་ཅ་སྡེ་བའི་སྡེ་མི་ཡུས་ཞིན་ཧུའེ་ཡིས་བཤད་རྒྱུར། ངས་སྔར་ལས་འབད་པ་བྱས་ནས་རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་ཁྲོད་ཞུགས་ཏེ། རང་ཉིད་ཀྱི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ཡིན།
དམངས་ལ་བདེ་སྐྱིད་བསྐྲུན་པ་ནི་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་དེ་ཡིན། རྟོག་ཞིབ་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྱི་ཞབས་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། དམངས་ལ་བརྩེ་སེམས་བཅངས་ནས། མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་། དོན་དངོས་སྒྲུབ་ནས་དཀའ་ཁག་སེལ་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་ངེས་པ་དོན་གྱིས་ཆེ་རུ་གཏོང་དགོས་པའི་ཐུགས་རེ་བཏོན།
ཧྲན་ཏུང་ཞིང་ཆེན་ཏང་ཨུ་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་འཛིན་གྲྭའི་ཕྱོགས་བསྡུས་ཚན་ཆུང་གི་ཚན་གཙོ་ལི་ཁྲའོ་ལེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་མཇུག་མཐར་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་དགོས། རྗེས་མར་ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་སྟོབས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་ཆེད་དུ་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་ལ་སྐུལ་འདེད་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་ཏན་ཏིག་གིས་ཆེ་རུ་བཏང་ཡོད།
མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་ཡིན། སྡེ་བ་དང་གྱེས་ཁར་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། ད་ལྟ་ང་ཚོས་གོམ་སྟབས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད་པས། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོར་བསྐྱོད་དགོས་ལ། སྔར་ལས་འོད་སྟོང་ལྡན་པའི་མ་འོངས་བ་གཏོད་དགོས།
ཀྲུང་གོ་ཕུའུ་ཏུང་ལས་བྱེད་སློབ་གླིང་གི་སློབ་ཁྲིད་ཞིབ་འཇུག་པུའུ་ཡི་དགེ་རྒན་ཆེན་མོ་ཅའོ་ཡུང་ལི་ཡིས་བཤད་རྒྱུར། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་གྱི་འགན་འཁྲིར་བརྩི་བཞིན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོར་བསྐྱོད་དེ་མི་ཚང་མ་ལོ་རྒྱུས་འདིའི་ནང་ཞུགས་མཁན་དང་འཛུགས་སྐྲུན་མཁན། དཔང་མི་བཅས་ཡིན། ང་ཚོས་སྔར་ལས་ཆེ་བའི་དཔའ་སེམས་དང་སྔར་བས་ཆེར་སྐྱེད་ཀྱི་རྣམ་པས་སྔར་ལས་འོད་སྟོང་ལྡན་པའི་མ་འོངས་བ་གཏོད་དགོས།
ཨན་ཧུའེ་ཞིང་ཆེན་ཧྥེང་དབྱང་རྫོང་ཞའོ་ཀང་སྡེ་བའི་ཏང་ཨུའི་ཧྲུའུ་ཅི་དང་པོ་ལི་ཅིན་ཀྲུའུ་ཡིས་བཤད་རྒྱུར། ཞའོ་ཀང་སྡེ་བའང་རྒྱལ་ཡོངས་ཀྱི་སྡེ་བ་མང་པོ་དང་འདྲ་བར་མཆོང་སྐྱོད་རེ་རེ་དང་འཕོ་འགྱུར་རེ་རེ་ཐོག་མཐའ་བར་གསུམ་དུ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད། རྗེས་མར་ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཡུལ་མི་ཚོའི་སྣེ་ཁྲིད་དེ་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་གཏོང་དགོས།
ཧེ་ལུང་ཅང་ཞིང་ཆེན་ཧྥུའུ་ཅན་གྲོང་ཁྱེར་ཞིན་ཁྲའོ་ཞིང་ལས་འདེབས་འཛུགས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཀྲོའུ་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་མི་ཚོས་ཏང་གི་འགོ་ཁྲིད་འོག་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱ་རྒྱུ་དང་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བའི་སྨོན་འདུན་ཞུས། རྗེས་མར་ང་ཚོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཞིང་ལས་དེང་རབས་ཅན་གྱི་དམིགས་འབེན་ལ་དམིགས་ནས། འབྲུ་རིགས་ཐོན་ཚད་ལེགས་པོ་དང་ལོ་ལེགས་ཡོང་བའི་དངོས་དོན་གཉེར་བའི་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲ་བརྟན་དུ་གཏོང་རྒྱུ་ཡིན།
པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ཀྱི་རྒྱུན་ལས་ཆུས་ཀྲང་གཞོན་པ་ཀྲའོ་ཝུན་ཁན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཡག་པོར་བསྐྱོད་དགོས། ང་ཚོས་འགན་འཁྲི་གལ་འགངས་ཆེ་བ་ཚོར་བྱུང་། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཟུང་ནས། གྲོང་ཁྱེར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གྲོང་གསེབ་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཆེ་རུ་གཏོང་དགོས།