མཐོ་སྒང་གི་རྐང་གྲུག་ལ་གཟི་དཔལ་རབ་ཏུ་འབར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཡེ་ཤེས་སྒྲོལ་མ།

སྐད་ཅིག་མའི་ངོ་མཚར།   ལུའུ་ཀོང་ཐའོ་ཡིས་པར་བླངས།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཁྲོམ་གཞུང་དུ། ནུབ་ཁའི་མཚམས་སྤྲིན་གྱིས་གངས་རི་གསེར་མདོག་ཏུ་བསྒྱུར། བཀྲ་ཤིས་ཕུན་ཚོགས་རྐང་གྲུག་ར་བའི་མཐའ་རུ་བསྡད་འདུག་ལ། ཁོས་རྐང་གྲུག་ར་བར་ལོ་བཅུ་ལྷག་ལ་སླེབས་པའི་བྱིས་པ་ཁག་ཅིག་ཕར་རྒྱུག་ཚུར་རྒྱུག་བྱས་ནས་རྐང་གྲུག་རྩེ་བཞིན་པར་བལྟས་ནས་གདོང་ཡོངས་འཛུམ་གྱིས་ཁེངས་འདུག 

དུས་མཚུངས་སུ། བྱིས་པ་ཚོས་ཀྱང་ཁོ་མཐོང་ནས་དགའ་སྤྲོ་ཆེན་པོས“བཀྲ་ཤིས་ཕུན་ཚོགས་རེད། ཁོ་ནི་གཡང་ནོར་རུ་ཁག་གི་བཀྲ་ཤིས་ཕུན་ཚོགས་རེད”ཅེས་སྐད་རྒྱག་ཞོར་ཁོས་ཕྱོགས་སུ་བརྒྱུགས་ཡོང་ནས། “ཕུ་བོ་བཀྲ་ཤིས་ཕུན་ཚོགས་ལགས། ཁྱེད་ཀྱིས་ང་ཚོར་རྐང་གྲུག་རྒྱག་སྟངས་ཁྲིད་ན་ཆོག་གམ”ཞེས་བཤད།

བཀྲ་ཤིས་ཕུན་ཚོགས་ཀྱིས་ཕྱི་ལྭ་ཕུད་པ་ན་ཡུལ་ཤུལ་གཡང་ནོར་རུ་ཁག་གི་ལྭ་བས་མིག་དབང་འཕྲོག་པར་བྱེད། མཐོ་སྒང་གི་ཉི་ཟེར་ཀྱིས་སྨུག་པོར་བསྒྱུར་བའི་བཞིན་ལ་ཕོ་ལོ27གྱི་བབ་ཆགས་དང་བརྟན་ཚུགས་མངོན་ཡོད།

ད་སྐབས། ཁོས་རུ་ཁག་གི་ལྭ་བ་གྱོན་ནས“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”གྱི་འགྲན་རར་རྐང་ཚུགས་པ་མ་ཟད། ཐ་ན་རྒྱལ་ཡོངས་ཀྱི་འགྲན་རར་ཡང་ཞུགས། བྱིས་པ་ཚོའི་མིག་མདངས་དེ་ནི་དྲན་ཤེས་ཀྱི་སྐུད་པ་ཞིག་དང་འདྲ་བར་ཁོར་ཡང་རང་ཉིད་ལོ17ཡིན་པའི་སྣང་བ་ཞིག་དབང་མེད་དུ་བྱིན། 

བཀྲ་ཤིས་ཕུན་ཚོགས་སྟེས་དབང་ཞིག་གིས་རྐང་གྲུག་དང་འབྲེལ་འདྲིས་བྱུང་།  ཁོ་རང་དམའ་གསུམ་ཡིན་པའི་ལོ་དེར། ཕུ་བོ་གཉིས་པ་དང་མཉམ་དུ་རྐང་གྲུག་འགྲན་སྡུར་ཞིག་ལ་བལྟ་རུ་སོང་། རྐང་གྲུག་ར་བ་རུ་ཕུ་བོ་གཉིས་པ་དང་རུ་གྲོགས་རྣམས་ཀྱིས་རྐང་གྲུག་འགྲན་སྡུར་བྱེད་བཞིན་པའི་རྣམ་པ་དེ་ཡིས་ཁོ་ལ་ཡང་རྐང་གྲུག་རྩེད་འདོད་ཀྱི་འདུན་པ་དྲག་པོ་ཞིག་བྱིན། 

“འདི་ཧ་ལས་པའི་རྫིག་པོ་འདུག ངས་ཀྱང་ཚོད་ལྟ་ཞིག་བྱས་ན་ཅི་དྲག་གང་དྲག”ཁོའི་ཡིད་ལ་དེ་འདྲའི་འདུན་པ་དྲག་པོ་ཞིག་སྐྱེས། གློ་བུར་བའི་བསམ་ཚུལ་དེ་ནི་ཁོའི་ཕུགས་འདུན་གྱུར་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྲིད།

མཐོ་འབྲིང་གི་སྐབས་སུ། ཁོ་ས་གནས་དེ་གའི་སྐད་གྲགས་ཆོད་པའི་རྐང་གྲུག་རྒྱག་མཁན་རྒན་པ་ཉི་མ་དོན་གྲུབ་ཀྱིས་སློབ་གྲྭའི་རྐང་གྲུག་རུ་ཁག་ནང་བདམས་པ་རེད། བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་རྒྱུར། སྐབས་དེ་དུས་ཀྱི་རྐང་གྲུག་ར་བའི་རྩྭ་ཤུན་སྐམ་པོ་ཡིན་པས་ཐང་ལ་འགྱེལ་ཚེ་རྨས་སྐྱོན་འབྱུང་ཉེན་ཆེ་ཟེར། 

འོན་ཀྱང་ཁོ་ནི་རྐང་གྲུག་ལ་དངོས་གནས་དགའ་ཞེན་ཆེ། ཉིན་གུང་དགེ་རྒན་དང་སློབ་གྲོགས་རྣམས་ངལ་གསོ་བྱེད་བཞིན་པའི་སྐབས་སུ། ཁོ་གཅིག་པུས་སྒོར25ཡི་འཚོ་བའི་གྲོན་དངུལ་གྱིས་ཉོས་པའི་རྐང་གྲུག་ཁྱེར་ནས་ལུས་རྩལ་ར་བར་སྦྱོང་བརྡར་བྱས། ཆར་ཞོད་ཀྱི་ཁྲོད་དུ། སློབ་གྲོགས་རྣམས་སློབ་ཁང་དང་ཉལ་ཁང་དུ་བསྡད་ཡོད་ན་ཡང། ཁོ་གཅིག་པུས་རྐང་གྲུག་ར་བ་རུ་ཡང་དང་བསྐྱར་དུ་སྦྱོང་བརྡར་བྱེད་བཞིན་ཡོད།

ཧུའུ་ནན་དུ་སློབ་ཆེན་འགྲིམ་པའི་རིང་། བཀྲ་ཤིས་ཕུན་ཚོགས་ཀྱིས་གང་སར་དྲིས་ནས་རྐང་གྲུག་སྤྲོ་རྩེད་ཁང་གི་ཚོད་ལྟའི་སྦྱོང་བརྡར་ནང་ཞུགས་པ་དང་། ཐ་ན་དབྱི་ཐ་ལིའི་རྐང་གྲུག་སྤྲོ་རྩེད་ཁང་ཞིག་ཀྲུང་གོར་ཡོང་ནས་འདེམས་སྒྲུག་བྱེད་པའི་ནང་ཡང་ཞུགས་པ་རེད། རྒྱལ་ཡོངས་ཀྱི་མི200ལྷག་གི་ནང་ནས་མི5མ་གཏོགས་བདམས་ཐོན་བྱུང་མེད་ལ། བཀྲ་ཤིས་ཕུན་ཚོགས་ནི་དེའི་ནང་གི་གཅིག་རེད། ཁོས་གཏམ་བཟང་འདི་ཨ་ཕར་ཁ་པར་བརྒྱབ་ནས་བཤད་པ་ན། སྐར་ཆ་འགའ་ལ་ཁུ་སིམ་མེར་བསྡད་རྗེས། ཨ་ཕས་གཟབ་ནན་གྱི་ངང་ནས། སུས་ཁྱོད་འགྲོ་རུ་བཅུག་པ་ཡིན། ལྷག་པར་དུ་ཚོད་ལྟའི་སྦྱོང་བརྡར་ལ་ཞུགས་པར་གྲོན་དངུལ་སྒོར་ཁྲི30སྤྲོད་དགོས་པ་ཐོས་རྗེས། ཨ་ཕས“ཁྱོད་ཀྱིས་སྒུགས་སྡོད། ང་ཡུལ་ཤུལ་ནས་དེ་གར་ཡོང་སྟེ་ཁྱོད་ཀྱི་རྐང་པ་གཅོག་རྒྱུ་ཡིན”ཞེས་བཤད།

ཐེངས་འདིའི་འདེམས་སྒྲུག་ནང་ཞུགས་ཆེད་བཀྲ་ཤིས་ཕུན་ཚོགས་ཀྱིས་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་གང་སར་ཞོར་ལས་བྱས་ཏེ། ལམ་གླ་བསོགས་པ་མ་ཟད། ཞག་སྡོད་ཀྱི་གྲོན་དངུལ་ཡང་འཚོ་བའི་གྲོན་དངུལ་ནང་ནས་བསོགས་པ་རེད། ཨ་ཕས་ཁོ་ལ་རྐང་གྲུག་བརྩེས་ན་ཟ་མ་ཟ་ཐུབ་བམ་ཞེས་རྒྱབ་སྐྱོར་བྱེད་ཀྱིན་མེད། 

བཀྲ་ཤིས་ཕུན་ཚོགས་དབྱི་ཐ་ལིར་འགྲོ་མ་ཐུབ་མོད། འོན་ཀྱང་ཨ་ཕས་ཁོ་ཡི་རྐང་པ་གཅོག་རྒྱུ་ཞེས་པའི་སྐད་ཆ་དེ་དངོས་ནས་བདེན་པ་ཡིན་ངེས་སྙམ་ནས་རྗེས་ཀྱི་ལོ་ཕྱེད་ལྷག་རིང་ཁོས་ཁྱིམ་མི་དང་འབྲེལ་བ་མ་བྱས་པ་རེད།

སྐད་ཅིག་མའི་ངོ་མཚར། ལུའུ་ཀོང་ཐའོ་ཡིས་པར་བླངས།

འཚོ་བ་ནི་དལ་རྒྱུ་མེད་ལ་མགྱོགས་རྒྱུ་ཡང་མེད་པའི་ཁྲོད་ནས2022ལོར་སླེབས། འགྱུར་ལྡོག་ནི་གློ་བུར་བ་ཞིག་མ་ཡིན་ཡང་། སྟོབས་ཀྱིས་ཀུན་ནས་རྫོགས་འདུག

“2022ལོ་ནི་ངའི་རྐང་གྲུག་འཚོ་བའི་ཁྲོད་ཀྱི་འགྱུར་ལྡོག་ཆེ་བའི་ལོ་ཞིག་རེད།”བཀྲ་ཤིས་ཕུན་ཚོགས་ཀྱིས་ཕྱིར་དྲན་བྱེད་ཞོར་དུ། ལོ་མགོར། ཁོས་གཞུང་རྒྱུགས་གསོ་སྦྱོང་འཛིན་གྲྭར་རྒྱུགས་སྤྲོད་གྲ་སྒྲིག་བྱེད་བཞིན་པའི་སྐབས། ཉིན་ཞིག་གི་དགོང་མོར་གློ་བུར་དུ་ཡུལ་ཤུལ་གཡང་ནོར་རུ་ཁག་གི་རྩལ་ཁྲིད་པ་དཔལ་ལྡན་འཕྲིན་ལས་ཀྱིས“བཀྲ་ཤིས་ཕུན་ཚོགས། ཉིན་གཉིས་ཀྱི་རྗེས་མཉམ་དུ་ཤིན་ཅང་དུ་རྐང་གྲུག་འགྲན་སྡུར་བྱེད་དུ་འགྲོའམ”ཞེས་དྲིས། 

“ཁ་པར་གྱི་སྒོ་མ་བརྒྱབ་གོང་ལག་པ་འདར་མགོ་ཚུགས།”སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་བཀྲ་ཤིས་ཕུན་ཚོགས་ལ་སེམས་འགུལ་ཚད་མེད་ཐེབས། དེ་ནི་ཁོས་ཐེངས་དང་པོར་ཡུལ་ཤུལ་གཡང་ནོར་རུ་ཁག་གི་ཚབ་བྱས་ནས་འགྲན་སྡུར་ནང་ཞུགས་པ་རེད། འགྲན་སྡུར་དེའི་ཁྲོད་དུ། རུ་ཁག་ཡོངས་ཀྱིས་རྐང་གྲུག་གཉིས་ནང་དུ་བཅུག། དེའི་ནང་གི་གཅིག་ནི་ཁོས་བྱས་རྗེས་ཡིན་པ་རེད།

རྐང་གྲུག་ལམ་བུའི་ཐོག་གི་འཚར་ལོངས་ངོ་མ་ནི2024ལོ་ནས་མགོ་ཚུགས་པ་རེད། ལོ་དེའི་ཟླ2པར། ཡུལ་ཤུལ་གཡང་ནོར་རུ་ཁག་གདན་ཞུས་ལྟར་ནེ་པ་ལར་གཉེར་བའི“ལོ་གསར་རྟེན་འབྲེལ་བུམ་པའི”ཀྲུང་གོ་དང་ནེ་པ་ལའི་མཛའ་འབྲེལ་རྐང་གྲུག་འགྲན་སྡུར་ནང་ཞུགས་ནས། ནེ་པ་ལའི་རྒྱལ་ཁབ་ཀྱིU23ན་གཞོན་རུ་ཁག་དང་འགྲན་སྡུར་བྱས། ཟླ5པར། “མཛེས་པའི་མཚོ་སྔོན། མཐོ་སྒང་གི་རྐང་གྲུག”ཅེས་པའི་རིམ་འདས་འགྲན་སྡུར་ཆེན་མོ་སྐབས་དང་པོ་འཚོགས་མགོ་ཚུགས་པ་རེད། ཡུལ་ཤུལ་གཡང་ནོར་རུ་ཁག་གིས10རྒྱལ། 2འདྲ་མཉམ2ཕམ་བཅས་སྐར་མ32བསོགས་ནས་སྐབས་དང་པོའི“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”ཁྲོད་ཨང་དང་པོ་བླངས་པ་དང་། བཀྲ་ཤིས་ཕུན་ཚོགས་ཀྱིས་རྐང་གྲུག་དྲུག་གིས་བྱས་རྗེས་བཞག་པ་རེད།

རྩལ་ཁྲིད་པའི་ལས་རོགས་ཀྲའོ་ཏུང་གིས་བཤད་རྒྱུར། “ཁོ་ཚོའི་ལག་རྩལ་དེ་རྒྱལ་ཡོངས་ཀྱི་རྐང་གྲུག་རུ་ཁག་མང་པོ་དང་བསྡུར་ན་ད་དུང་བར་ཐག་ཡོད་སྲིད་མོད། འོན་ཀྱང་རུ་ཁག་འདིར་ཧ་ཅང་མཐུན་སྒྲིལ་ཡིན་པས། རུ་མི་ཚོས་དཀའ་ངལ་བཟོད་ཐུབ་ཀྱི་ཡོད”ཟེར། ཀྲའོ་ཏུང་གིས“ལག་རྩལ་ཐད་ཀྱི་ཞན་ཆ་སྦྱོང་བརྡར་བྱས་པ་བརྒྱུད་ཁ་གསབ་བྱེད་ཐུབ་མོད། འོན་ཀྱང་སེམས་ཤུགས་མེད་ན་མི་འགྲིག རུ་ཁག་འདིར་ཡོད་པ་ནི་སེམས་ཤུགས་རེད”ཅེས་བཤད།

“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”ལས་བཀྲ་ཤིས་ཕུན་ཚོགས་གཅིག་པུ་ལ་འགྱུར་ལྡོག་བྱུང་བ་མ་ཡིན་པར། “སྔོན་ཆད་ཁྱིམ་བདག་ཚོས་རྐང་གྲུག་རྒྱག་པ་ནི་བྱ་བ་ཡག་ཤོས་སུ་མི་རྩི་ལ། ད་སྐབས་ཁྱིམ་བདག་མང་པོ་ཞིག་གིས‘གཡང་ནོར་རུ་ཁག་གི་ཕུ་བོ་ཚོར་སློབ་སྦྱོང་ཡག་པོ་བྱེད་དགོས’ཞེས་རྗོད་ཀྱི་ཡོད”ཅེས་དགོད་ཞོར་དུ་བཤད་པ་རེད།

“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”གྱི་ལོ་གསུམ་ནི་ལྷིང་འཇགས་ཀྱི་འཕོ་འགྱུར་ཞིག་དང་མཚུངས།

སྲིད་གཞུང་གི་རྒྱབ་སྐྱོར་དང་རྐང་གྲུག་ལ་དགའ་ཞེན་ཆེ་བ་དག་གི་རྒྱབ་སྐྱོར་འོག་རྐང་གྲུག་རུ་ཁག་ལ་གཏན་འཇགས་ཀྱི་སྦྱོང་བརྡར་འཆར་གཞི་དང་ཞབས་ཞུ་མཁོ་སྒྲུབ་བྱས་པ་རེད། རྩལ་ཁྲིད་པ་ཚོགས་པས་རྐང་གྲུག་གི་འདུ་ཤེས་གསར་པ་ཁྱེར་ཡོང་ནས། རུ་མི་ཚོས་ངལ་གསོ་དང་བཟའ་བཏུང་ལ་དོ་སྣང་བྱེད་མགོ་ཚུགས་པ་དང་། འཚོ་བ་རང་གཅུན་བྱེད་པ། སྦྱོང་བརྡར་སྔར་བས་བརྒྱུད་རིམ་ལྡན་པ་རེད། 

འོན་ཀྱང་། མཚོ་སྔོན་གྱི་རྐང་གྲུག་གི་ཁོར་ཡུག་གི་ཚ་རླབས་ཁྲོད། སྐྱེས་པའི་རྐང་གྲུག་རུ་ཁག་ལ་ཤེས་ལྡན་པ་མང་པོ་ཐོན་པ་མ་ཟད། སྐྱེས་མའི་རྐང་གྲུག་ཡང་རིམ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། གཞོན་ནུ་མ་མི་ཉུང་བ་ཞིག་དགའ་ཞེན་དང་བསྟུན་ནས་རྐང་གྲུག་ར་བར་བསྐྱོད་པ་རེད། ཧུའུ་ཉན་ཁྲོན་ནི་དེའི་ནང་གི་ཁོངས་མི་ཞིག་རེད། རྐང་གྲུག་སྤྲོ་རྩེད་ཁང་ནས་རྐང་གྲུག་སྦྱངས་ཤིང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་སློབ་གྲྭ་ནས་རྣོ་ངར་ཐོག་མར་མངོན་པ་དང་། དེ་ནས་ཞིང་ཆེན་ལུས་རྩལ་སློབ་གྲྭའི་གཙོ་ཤུགས་སུ་གྱུར་བའི་བར་དུ་ད་ལོར་ལོ17ལ་སླེབས་པའི་མོ་ཡང་སྐབས་ཤིག་རིང་བྱ་གཞག་དང་། རྨས་སྐྱོན། རང་ཉིད་ལ་ཡིད་ཆེས་མེད་པ་བཅས་ཀྱི་དཀའ་ངལ་མང་པོར་འཕྲད་མྱོང་། མོས“དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་རུ་ཁག་གི་རུ་མི་རྣམས་ཀྱི་རྒྱབ་སྐྱོར་དང་སྐུལ་མ་ལ་བརྟེན་ནས་རྒྱུན་འཁྱོངས་བྱས་པ་ཡིན”ཟེར།

ཧུའུ་ཉན་ཁྲོན་གྱིས“ང་ཚོའི་རུ་ཁག་ནང་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། སོག་རིགས་སོགས་མི་རིགས་མང་པོ་ཡོད་པ་དང་། ཚང་མ་ཧ་ཅང་མཐུན་སྒྲིལ་ཡིན། མི་རིགས་མི་འདྲ་ཡང་ཕུགས་འདུན་གཅིག་མཚུངས་ཡིན་ལ། དཔུང་པ་མཉམ་གཤིབ་ཀྱིས་རྒྱལ་ཁ་ལེན་པ་དང་། མི་སྔར་ལས་མང་པོ་ལ་མཚོ་སྔོན་བུད་མེད་རྐངང་གྲུག་རུ་ཁག་གི་སྟོབས་ཤུགས་མཐོང་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་བཤད། 

སྦྱོང་བརྡར་ར་བའི་ནང་། བུ་མོ་ཚོས་རང་ཉིད་བུ་མོ་ཞིག་ཏུ་མ་བརྩིས་པར“སྐྱེས་པ་ཚོས་བསྒྲུབ་ཐུབ་པ་ཞིག་ང་ཚོས་ཀྱང་བསྒྲུབ་ཐུབ་ལ། ཁོ་ཚོས་བསྒྲུབ་ཐུབ་པའི་ལག་རྩལ་དང་འཐབ་རྩལ་ཡང་ང་ཚོས་བསྒྲུབ་ཐུབ”ཟེར། སྦྱོང་བརྡར་སློབ་ཚན་མཇུག་འསྒྲིལ་རྗེས། བུ་མོ་ཚོས་ལྐོག་ཏུ་སྦྱོང་བརྡར་བྱེད་པ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་ལ། རྩལ་ཁྲིད་པ་ཕན་ཞའོ་ཅུན་གྱིས“མགོ་ན་བ”ཞིག་ནི“བཤད་ཀྱང་ཁར་མི་ཉན་ལ།བདའ་ཡང་བདའ་མི་ཐུབ་པ་དེ་རེད”ཟེར།

ཧུའུ་ཉན་ཁྲོན་དང་རུ་གྲོགས་ཚོས་ཐོག་མཐའ་བར་གསུམ་དུ“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”ལ་དོ་ཁུར་བྱེད་ཀྱི་ཡོད། ཐད་གཏོང་བརྒྱུད་ནས་འགྲན་སྡུར་དེ་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཞིག་ཏུ་བརྩིས་ནས། རྐང་གྲུག་རྒྱག་མཁན་གྱི་བརྒྱུད་གཏོང་ཚོད་འཛིན་གྱི་ཐབས་རྩལ་དང་། འཐབ་རྩལ་གྱི་བསམ་ཕྱོགས་སློབ་སྦྱོང་བྱས་པ་རེད། ཁོ་ཚོའི་མིག་ལམ་དུ“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”ལས“མཚོ་སྔོན་གྱི་བྱིས་པས་ཆེད་ལས་ཀྱི་རྐང་གྲུག་རྒྱག་མི་ཤེས་པའི”སྔར་ཡོད་ཀྱི་བག་ཆགས་མེད་པར་བཟོས་ནས། རང་ས་གནས་ཀྱི་རྐང་གྲུག་ལས་རིགས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། མཐོ་སྒང་གི་བྱིས་པ་ཚོར་འབད་བརྩོན་གྱི་སྙིང་སྟོབས་ལྡན་པ་མ་ཟད། ལག་རྩལ་དང་འཐབ་རྩལ་གྱི་བྱང་ཚད་བྱང་ཆུབ་པ་ཞིག་ཀྱང་ཡོད་པ་ཕྱི་ཕྱོགས་སུ་ར་སྤྲོད་བྱས་ཡོད།

བཀྲ་ཤིས་ཕུན་ཚོགས་ཀྱིས་ཀྱང་སྐྱེས་མའི་རྐང་གྲུག་རུ་ཁག་དེར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོས་བཤད་རྒྱུར། “ཁྱིམ་བདག་མང་པོ་ཞིག་གིས་བྱིས་པའི་རྐང་གྲུག་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྫོང་གི་བུ་མོ་ཞིག་གིས་རྐང་གྲུག་ལ་བརྟེན་ནས་སློབ་ཆེན་དུ་རྒྱུགས་འཕྲོད་པ་མ་ཟད། རྗེས་ནས་རྩལ་སྦྱོང་དགེ་རྒན་ཞིག་ཏུ་གྱུར་བ་རེད་ཟེར།

དེའི་ཐད། རྩལ་ཁྲིད་པ་གྲགས་ཅན་ལི་མིན་ལའང་ཚོར་བ་དེ་འདྲ་བྱུང་ཡོད། ཁོས་ཡུལ་ཤུལ་གཡང་ནོར་རུ་ཁག་དང་ཟི་ལིང་གསའ་རུ་ཁག་གི་སྣེ་ཁྲིད་དེ་སྐབས་གོང་མའི“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”ནང་ཨང་དང་པོ་དང་ཨང་གཉིས་པ་བླངས་པ་དང་། ད་སྐབས་བློ་སེམས་གཅིག་སྒྲིལ་གྱིས་གཞོན་ནུའི་སྦྱོང་བརྡར་བྱ་གཞག་གཉེར་བཞིན་འདུག ལི་མིན་གྱིས“‘མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན’གྱིས་འཚར་ལོངས་ཀྱི་སྟེགས་བུ་ཡག་པོ་ཞིག་བཏོད་ཡོད་ཅིང་། ཞིང་ཆེན་གྱི་ལུས་རྩལ་སློབ་གྲྭ་དང་གཞོན་ནུའི་སྦྱོང་བརྡར་མ་ལག་ནས‘མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན’རུ་ཁག་ནང་ཞུགས་པའི་རྐང་གྲུག་རྒྱག་མཁན་མང་པོ་ཞིག་ལྟེ་བའི་སྟོབས་ཤུགས་གཙོ་བོར་གྱུར་བ་ནས་ཁག་ཁུར་ཆེན་པོ་ཕྲག་ཏུ་བླངས་ཡོད།”ཅེས་བཤད་ཀྱིན་མིག་ཟུང་ལ་དགའ་ཚོར་གྱིས་ཁེངས་འདུག

ལི་མིན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་རྐང་གྲུག་གཞོན་ནུའི་སྦྱོང་བརྡར་སྐས་རིམ་རུ་ཁག་འཛུགས་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས། ལོ་ན09དང10ཡི་གཞོན་ནུ་རུ་མི་རྣམས“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”མ་ལག་ནང་ཚུད་ཡོད། སྔོན་དཔག་བྱས་ན། སང་ལོར་གཞོན་ནུའི་སྦྱོར་བརྡར་རུ་ཁག་གི་རུ་མི10ལྷག“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”གྱི་འགྲན་རར་ཞུགས་རྒྱུ་རེད། གཞོན་ནུའི་སྦྱོང་བརྡར་དཔུང་ཁག་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། སྐྱེས་པའི་སྐས་རིམ་རུ་ཁག་ལ་མི་ཁྱོན87ཡོད་པ་དང་། བུད་མེད་རྐང་གྲུག་རུ་ཁག་ལ་ཡང་མི43ཟིན་ཡོད། ད་ལོའི་ཟླ9པར་བུད་མེད་རུ་ཁག་གསུམ་པ་དང་སྐྱེས་པའི་ལོ13དང14བར་གྱི་སྐས་རིམ་རུ་ཁག་འཛུགས་རྩིས་ཡོད་པ་རེད། “སློབ་བསྡུའི་ལས་དོན་ལ་ཁུལ་དང་རྫོང་སོ་སོས་དང་ལེན་ཞུས་པ་དང་། ཁྱིམ་ཚང་སྔར་ལས་མང་བས་རང་འགུལ་ངང་ང་ཚོར་འབྲེལ་གཏུག་བྱས་ནས། བྱིས་པ་རྐང་གྲུག་སྦྱོང་བརྡར་ནང་ཞུགས་རྒྱུའི་རེ་བ་བྱེད་བཞིན་ཡོད།

ལི་མིན་གྱིས“‘མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན’གྱིས་འགྲན་སྡུར་ནང་ཞུགས་པའི་ཚད་གཞི་ལོ16བར་བཏང་བས། ན་གཞོན་རྐང་གྲུག་ལུས་རྩལ་པ་ཚོར་འགྲན་སྡུར་ནང་ཞུགས་པའི་གོ་སྐབས་ཡོད་པ་དང་། འགྲན་རའི་ཕྱི་ནང་གི་འགྲན་སྡུར་དང་འགྲན་སྡུར་སྤེལ་རེས་ཡང་ཡང་བྱས་པ་དེས། བྱིས་པ་ཚོ་ལྟད་མོ་པ་ནས་འགྲན་སྡུར་ནང་ཞུགས་མཁན་ཞིག་ཏུ་འགྱུར་བར་སྐུལ་མ་ཐེབས”ཞེས་བཤད། ཞིང་ཆེན་ནང་ཁུལ་གྱི་རྐང་གྲུག་རྩལ་ཁྲིད་པ་དབར་འབྲེལ་བ་དམ་ཟབ་ཡོད་པ་དང་། ལས་རིགས་ཀྱི་ཁས་ལེན་ལ་བརྟེན་ནས་ཕུལ་བྱུང་ལོ་ཆུང་རྐང་གྲུག་རྒྱག་མཁན་ཚོར་འགྲན་སྡུར་ནང་ཞུགས་པ་དང་ཟབ་སྦྱོང་བྱེད་པའི་གོ་སྐབས་སྔར་ལས་མང་བ་ཐོབ་ནས། གཞོན་ནུའི་སྦྱོང་བརྡར་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད། “བྱིས་པ་ཚོས་ཕ་ཡུལ་གྱི་ཚབ་བྱས་ནས‘མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན’ལ་ཞུགས་པ་དེ་གཟི་བརྗིད་དུ་བརྩིས་ནས་འགྲན་སྡུར་ཁྲོད་མི་ཚང་མས་ནུས་ཤུགས་གང་ཡོད་བཏོན། དགའ་ཞེན་དང་འགན་འཁྲི་དེ་ཡིས་མཚོ་སྔོན་གྱི་རྐང་གྲུག་རྗེས་གྲབས་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་ཡོད།

སྐད་ཅིག་མའི་ངོ་མཚར། ལུའུ་ཀོང་ཐའོ་ཡིས་པར་བླངས།

“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”ལས་བྱུང་བ་ནི་རྐང་གྲུག་ཁོ་ན་ཙམ་མིན།

གྲོང་ཁྱེར་དང་ཁུལ་གཞན་དུ་སོང་ནས་འགྲན་སྡུར་ནང་ཞུགས་སྐབས། བཀྲ་ཤིས་ཕུན་ཚོགས་ཀྱིས་ས་གནས་སོ་སོའི་ཁྱད་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད། ཁོས་འགྲན་རར་སོག་རིགས་ཀྱི“པོ་ཁེ”སྦེ་གའི་ཆ་ཤས་ངར་སློང་རུ་ཁག་གི་འཁྲབ་སྟོན་ནང་བསྲེས་ཡོད་པ་མཐོང་ནས། བོད་རིགས་ཀྱི་སྲོལ་རྒྱུན་རི་མོ་ཡིས་རྐང་གྲུག་གྱོན་ཆས་ཇུས་འགོད་བྱེད་པ་དང་། རེབ་གོང་ཐང་ག་དང་། གེ་སར་སྒྲུང་། གཙང་པོའི་གྲིབ་གཟུགས་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འགྲན་རའི་ཕྱི་ནང་དུ་འཁྲབ་སྟོན་བྱས་ནས། རྐང་གྲུག་ར་བ་སྐོར་སྐྱོད་ཀྱི“མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང”ཞིག་ཏུ་གྱུར་པ་རེད། “མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”གྱི་ཁྱད་ཆོས་འདི་དག་སེམས་ལ་བཟུང་ནས། རྗེས་ཕྱོགས་ཕྱི་རོལ་ཏུ་འགྲན་སྡུར་བྱེད་སྐབས། ས་གནས་དེ་གའི་རྐང་གྲུག་ལ་དགའ་ཞེན་ཆེ་བ་དག་ལ་ངོ་སྤྲོད་བྱས་ཆོག་ཟེར། 

ཡུལ་ཤུལ་གཡང་ནོར་རུ་ཁག་གིས་ཕྱི་རོལ་ཏུ་འགྲན་སྡུར་བྱེད་སྐབས། རུ་མི་རྣམས་རང་རྟོག་སྒོས་ཕ་ཡུལ་གྱི་མགྲིན་ཚབ་པར་གྱུར་ཡོད། མི་ཞིག་གིས“ཁྱེད་ཚོ་གང་ནས་ཡོང་བ་ཡིན”ཞེས་དྲིས་པ་ན། ཁོ་ཚོས་སྤོབས་པ་ཆེན་པོས་མཚོ་སྔོན་ཡུལ་ཤུལ་གྱི་ཡིན་ཞེས་ལན་བཏབ་པ་དང་། མི་འགའ་ཞིག་གིས་དེ་གའི་ཡུལ་ལྗོངས་ལ་ཡ་མཚན་སྐྱེས་ཚེ། ཁོ་ཚོས་ལག་ཁྱེར་ཁ་པར་ནང་གི་གངས་རི་དང་རྩྭ་ཐང་གི་འདྲ་པར་བསྟན་ནས“ཁྱོད་ཀྱིས་ལྟོས་དང་། འདི་ནི་ང་ཚོའི་ཕ་ཡུལ་ཡིན”ཅེས་ངོ་སྤྲོད་བྱས་པ་རེད།

བཀྲ་ཤིས་ཕུན་ཚོགས་ནི་ཕ་ཡུལ་ལ་ལྷག་པར་དུ་དུང་བ་ཆེ། འབྲི་སྟོད་རྫོང་ནི་གློག་བརྙན《བླ་ཤིང》ཞེས་པའི་གཏམ་རྒྱུད་ཀྱི་གཞི་འཛིན་ས་རེད། ཁོས་ནུས་ཤུགས་ཡོད་རྒུས་ས་གནས་དེ་གའི་རྐང་གྲུག་ལ་དགའ་ཞེན་ཡོད་པ་དག་ལ“ཡུལ་ཤུལ་ལ་ཡུལ་སྐོར་དུ་ཡོང་རྒྱུ་གདན་འདྲེན་ཞུ་བ་དང་། ཡུལ་ཤུལ་གྱི་སྐམས་ཤ་ནི་ཕུལ་དུ་བྱུང་བ་ཡིན”ཞེས་སྐད་ཆ་དེ་བཤད་སྐབས་གདོང་ལ་མཛུམ་གྱིས་ཁེངས།

བཀྲ་ཤིས་ཕུན་ཚོགས་ད་ལོར་ལོ27ལ་སླེབས་པ་དང་། ཁོས་ལུས་རྩལ་པའི་ལས་རིགས་ཀྱི་ལམ་ཁ་འདི་རིང་བོར་མི་བརྟན་པ་ཤེས། བཀྲ་ཤིས་ཕུན་ཚོགས་ཀྱིས“ང་རང་རྩལ་ཁྲིད་པ་བྱེད་འདོད”ཅེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བཤད། ཁོསDརིམ་པའི་རྩལ་ཁྲིད་པའི་ལག་རྟགས་བླངས་ཟིན། ད་ལོརCརིམ་པའི་རྒྱུགས་ལེན་རྩིས་ཡོད། “ངས་མུ་མཐུད་དུ་རྐང་གྲུག་རུ་ཁག་འདིར་ཞབས་འདེགས་ཞུ་རྒྱུ་ཡིན་ལ། གཞོན་ནུའི་སྦྱོང་བརྡར་བྱ་གཞག་ལ་བྱས་རྗེས་ཕྲན་བུ་འབུལ་འདོད”ཟེར།

ཨར་འདམ་སྟེང་བཀོད་པའི་ཁྲག་གི་རྗེས་ཤུལ་ནས“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”གྱི་ཆེད་ལས་རྐང་གྲུག་ར་བའི་བར་དང་། “བྱ་བ་ཡང་དག་མི་སྒྲུབ་པའི”ལྟ་ཚུལ་ནས་བྱིས་པ་ཚོའི་མིག་ནང་གི་དང་རྟེན་དུ་གྱུར་བའི་བར། རང་ཉིད་ཀྱི་ཨུ་ཚུགས་ནས་ས་ཁུལ་ཞིག་གི་རྐང་གྲུག་གི་ཚ་རླབས་སུ་གྱུར་པའི་བར་ནི་བཀྲ་ཤིས་ཕུན་ཚོགས་ཀྱི་གཏམ་རྒྱུད་ཡིན་ལ། “མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”གྱི་གཏམ་རྒྱུད་ཀྱང་ཡིན།

ལོ་གསུམ་རིང“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”གྱིས་ཡུལ་ཤུལ་དང་ཐ་ན་མཚོ་སྔོན་གྱི་གཞོན་ནུ་རྣམས་ལ་སྔར་བས་ཆེད་ལས་དང་ཆུ་ཚད་མཐོ་བའི་རྐང་གྲུག་སྐས་རིམ་བསྐྲུན་པ་མ་ཟད། མཚོ་སྔོན་གྱི་རྐང་གྲུག་གཞོན་ནུའི་སྦྱོང་བརྡར་མ་ལག་མཐོ་སྒང་དུ་དར་སྤེལ་བཏང་བ་དང་།  ལྷག་པར་དུ་རྐང་གྲུག་ལ་བརྟེན་ནས“ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ”བཅས་ལས་རིགས་དྲུག་མཉམ་འདྲེས་དམ་ཟབ་བྱས་པ་རེད། འགྲན་རའི་ནང་དུ་རྔུལ་ཆུ་དང་འབད་འཐབ་ཡིན་ལ། འགྲན་རའི་ཕྱི་རོལ་ཏུ་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་། རིག་གནས་ཡུལ་སྐོར་འོས་སྦྱོར། མི་རིགས་གླུ་གར། བདེ་ཐང་ཉམས་ལེན་གྱི་བྱེད་སྒོས་ཁེངས་ཡོད་པ་སོགས་རྐང་གྲུག་དེ་མི་སྔར་ལས་མང་པོ་ཞིག་གིས་མཚོ་སྔོན་ལ་ལྟ་སའི་སྐར་ཁུང་ཞིག་ཏུ་གྱུར་ནས་མཚོ་སྔོན་དུ་སྐྱོད་པ་དང་དེ་ལ་དགའ་བོ་བྱེད་ཀྱི་ཡོད།

བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་རྒྱུར། སྔོན་ཆད་མི་མང་པོ་ཞིག་གིས་མཚོ་སྔོན་གང་དུ་ཡོད་པ་ཡང་མི་ཤེས་མོད། ད་སྐབས་ཁོ་ཚོས་མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན་དང་། གངས་རི་དང་ནོར་ནག་ཡོད་པ་དང་། རྐང་གྲུགལ་དགའ་ཞེན་ཆེ་བའི་ས་ཆ་དེ་རེད་ཅེས་རྗོད་ཀྱི་ཡོད།

འདི་ནི་རྐང་གྲུག་རྒྱབ་ཀྱི་མཚོ་སྔོན་གྱི་གཏམ་རྒྱུད་ཅིག་རེད།

མཚོ་སྔོན་རྐང་གྲུག་གི་ལང་ཚོའི་བརྗོད་གཞི།

སྐབས་གསུམ་པའི“མཛེས་པའི་མཚོ་སྔོན་མཐོ་སྒང་རྐང་གྲུག”གི་རིམ་འདས་མཉམ་འགྲན་མགོ་ཚུགས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རྐང་གྲུག་དགའ་ཞེན་པ་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་ཡོད། དེ་སྔ་དང་བསྡུར་ན་ད་ལོའི“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”གྱི་རྐང་གྲུག་རྒྱག་མཁན་གྱི་ལོ་ཚད་ལོ16ནས་ལོ35བར་བསྒགས་ནས། དཔུང་ཁག་གི་གྲུབ་ཆ་ན་གཞོན་ཅན་དུ་གྱུར་ཡོད། མཚོ་ཤར་ཐེན་ཡིའུ་ཏེ་རུ་ཁག་གི2026ལོའི་འགྲན་སྡུར་ཀྱི་ཆ་སྙོམས་ལོ་ཚད་ནི་ལོ21ཡིན་པ་རེད། ན་གཞོན་རྐང་གྲུག་རྒྱག་མཁན་དང་རུ་མི་རྒན་གྲས་མཉམ་དུ་རྩལ་འགྲན་དང་ཕན་ཚུན་སྐུལ་འདེད་བཏང་བས། ན་གཞོན་རྐང་གྲུག་རྒྱག་མཁན་གསོ་སྐྱོང་ཐད་མི་སྔར་ལས་མང་བས་དོ་ཁུར་གནང་། དེ་ལས་ལོ21གི་ཆ་སྙོམས་ལོ་ཚད་ནི་བརྡ་རྟགས་ཤིག་ཡིན་པས། རིམ་འདས་མཉམ་འགྲན་གྱིས་ང་ཚོར་ཁྱེད་རང་ཚོས་མཚོ་སྔོན་གྱི་བྱིས་པ་ཚོར་གང་ཞིག་མཁོ་འདོན་བྱེད་ཐུབ་པ་དང་། ང་ཚོར་ཅི་ཞིག་ཆད་ཡོད། ལམ་དུ་ཇི་ལྟར་བསྐྱོད་དགོས་པའི་ཕྱོགས་ནས་རང་སྟེང་ལ་བརྟག་པར་གྱིས། གཞོན་ནུ་ལོ་ཆུང་གི་རྐང་གྲུག་སྦྱོང་བརྡར་སྐོར་གྱི་གྲོས་བསྡུར་དེ་དག་མཚོ་སྔོན་གྱི་རྐང་གྲུག་གི་རྗེས་གྲབས་ཤེས་ལྡན་པའི་འབྱུང་འགྱུར་དང་འབྲེལ་བ་ཡོད་པ་མ་ཟད། གཞོན་ནུའི་བདེ་ཐང་གི་མ་འོངས་པ་ལ་ཡང་འབྲེལ་བ་ཆེན་པོ་ཡོད་ཅེས་ནན་སྐུལ་བྱས་བྱུང་། 

མཚོ་སྔོན་དུ། གཞོན་ནུའི་སྦྱོང་བརྡར་གྱི་དོན་སྙིང་སྔ་མོ་ནས་འགྲན་རྩོད་ལས་བརྒལ་ཡོད། དེ་ནི་དང་ཐོག་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཀྱི་འགག་གནད་སྒྲོལ་ས་ཞིག་ཡིན། རྒྱུགས་ལེན་སློབ་གསོ་ཡི་ལམ་ལུགས་འོག་སློབ་མའི་ལུས་པོ་དང་བློ་རིག་གི་རྩལ་གཉིས་རྟག་ཏུ་ཁ་བྲལ་དུ་གྱུར་ཡོད་ན་ཡང་། རྐང་གྲུག་ར་བས་ཏག་ཏག་གནད་དོན་དེ་རིགས་སེལ་ཐུབ་ཡོད། མི་གཤིས་ཆ་ཚང་ཞིག་ལ་སྤྱང་གྲུང་ལྡན་པའི་ཀླད་པ་དགོས་པ་མ་ཟད། བདེ་ཐང་གི་ལུས་པོ་དང་། བློ་སྟོབས་བརྟན་པོ། སེམས་ཁམས་བརྟན་པོ། མཉམ་ལས་བྱེད་མཁས་པའི་ནུས་པ། རྒྱལ་ཕམ་ལ་གདོང་གཏོད་ཕོད་པའི་བློ་སྟོབས་ནི་དེ་བས་ཀྱང་དགོས། གཤིས་རྒྱུད་འདི་དག་སློབ་ཁང་དུ་བསྡད་ནས་སྦྱོང་དཀའ་མོད། འོན་ཀྱང་རྐང་གྲུག་ར་བ་ནས་རྐང་གྲུག་རྩེ་བའི་གོ་རིམ་ཁྲོད་དུ་རང་ཤུགས་ཀྱིས་སྐྱེས་སྲིད། ཚའེ་ཡོན་ཕེ་ཡིས“མི་གཤིས་ཆ་ཚང་ནི་ལུས་རྩལ་ལ་རག་ལས་ཡོད”ཅེས་གསུངས་པ་ལྟར། གཞོན་ནུའི་སྦྱོང་བརྡར་དམ་འཛིན་ཡག་པོ་བྱེད་པ་ནི་བྱིས་པ་ཚོ་སྔར་བས་བདེ་ཐང་ངང་འཚར་ལོངས་ཡོང་སྟངས་ཤིག་རེད།

དེ་དང་ཆབས་ཅིག་ཏུ། གཞོན་ནུའི་སྦྱོང་བརྡར་ནི་མཚོ་སྔོན་རྐང་གྲུག་འགྲན་སྡུར་ཉམས་རྒུད་ལས་སྒྲོལ་ནས་གཟི་བརྗིད་སླར་ཡང་མངོན་པའི་འགག་རྩའི་ཐབས་ལམ་ཞིག་ཀྱང་རེད། དུས་རབས་ཉི་ཤུ་པའི་ལོ་རབས80པར། མཚོ་སྔོན་གྱི་རྐང་གྲུག་རུ་ཁག་ལ་དཔའ་ཉམས་ཀྱིས་ཁེངས་པས། དེ་སྔ་རིམ་པ་ཀ་པའི་རིམ་མཚུངས་མཉམ་འགྲན་གྱི་ཨང་དང་པོ་ཐོབ་མཁན་ཐེན་ཅིན་རུ་ཁག་ལས་རྣམ་པར་རྒྱལ་མྱོང་ལ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་ཁྲོད “ནུབ་བྱང་མཐོ་སྒང་གི་རྟ་མཆོག་ཅིག་དང་འདྲ”ཅེས་པའི་མཚན་སྙན་ཡང་ཐོབ་མྱོང་། ལོ་རྒྱུས་དེ་ད་ལྟའི་བར་དུ་སྔར་བཞིན་མཚོ་སྔོན་གྱི་རྐང་གྲུག་ལ་དགའ་ཞེན་ཆེ་བ་ཚོའི་སེམས་ཀྱི་དྲན་ཤེས་ཚ་པོ་ཞིག་ཏུ་གྱུར། དེ་ལྟ་ན་ཡང་རྟ་མཆོག་དེ་སླར་ཡང་ཉམས་མ་ཤོར་མདངས་མ་ཡལ་བར་བརྒྱུག་དགོས་ན་མི་རབས་ནས་མི་རབས་བར་རང་ཡུལ་དུ་རྩ་བ་ཚུགས་པའི་གཞོན་ནུ་ལོ་ཆུང་དག་ལ་བརྟེན་དགོས། མི་རྣམས་དགའ་འོས་པ་ཞིག་ལ་མཚོ་སྔོན་ལ་རྐང་གྲུག་གི་གཤིན་ས་བཟང་བོ་ཡོད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ལ་དཔེ་བཞག་ན། རྫོང་ཡོངས་སུ་མི་འབོར་ཁྲི4.7ལས་མེད་ཀྱང་། དར་མའི་ལས་ཞོར་རུ་ཁག20ལྷག་དང་གཞོན་ནུའི་རྐང་གྲུག་རུ་ཁག30ལྷག་ཡོད་པས། ཧ་ལམ་མི་ཚང་མ་འགྲན་སྡུར་ནང་ཞུགས་ཐུབ་པ་རེད། མཐོ་སྒང་ནས་བྱུང་བའི་དགའ་ཞེན་དེ་ནི་གཞོན་ནུའི་སྦྱོང་བརྡར་ལ་མཚོན་ན་ཆེས་གལ་འགངས་ཆེ་བའི་གནས་ཤིག་ཡིན། 

འོན་ཀྱང་། སྤྲོ་སེམས་རྒྱབ་ཀྱི་གནད་དོན་ཡང་དེ་བཞིན་དུ་མངོན་གསལ་ཡིན། མཚོ་སྔོན་གྱི་ཕུལ་བྱུང་རྐང་གྲུག་རྗེས་གྲབས་ཤེས་ལྡན་པར“སྟེགས་བུ་མེད་པ་དང་ལམ་བུ་མེད་པའི”དཀའ་ངལ་ལ་ཕྲད་ཡོད། གཞོན་ནུའི་སྦྱོང་བརྡར་མ་ལག་དང་སྤྱིར་བཏང་སློབ་གསོའི་མ་ལག་བར་ཁ་བྲལ་ནས། རྐང་གྲུག་རྒྱག་མཁན་ཆེད་ལས་ཀྱི་ལམ་བུའི་ཐོག་བསྐྱོད་ཚེ་སློབ་སྦྱོང་བློས་གཏོང་གི་ཡོད། དེས་རྐང་གྲུག་རྒྱག་མཁན་གྱི་སློབ་གསོ་ཐོབ་ཚད་དམའ་རུ་ཕྱིན་ནས། རྐང་གྲུག་རྩལ་ནུས་ཀྱི་གོ་བ་ལེན་པའི་ནུས་པ་དང་འགྲན་སྡུར་གྱི་གསར་གཏོད་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཕུལ་བྱུང་རྗེས་གྲབས་ཤེས་ལྡན་པར་བརྟན་ལྷིང་གི་ཡར་རྒྱས་འགྲོ་ལམ་མེད་པ་དང་། ལོ་ན་ངེས་ཅན་ཞིག་ལ་སླེབས་ཚེ་འགྲོ་ས་མེད་པ་དེ་ནི་ཆེས་དོན་དངོས་ཀྱི་དཀའ་གནད་ཅིག་རེད། ཞིང་ཆེན་གཞན་དང་བསྡུར་ན་མཚོ་སྔོན་གྱི་རིམ་པ་མཐོ་བའི་རྩལ་ཁྲིད་པ་དང་ཤན་འབྱེད་པ་གསོ་སྐྱོང་བྱེད་ཚད་ཀྱང་མངོན་གསལ་གྱིས་རྗེས་སུ་ལུས་ཡོད། རྩལ་ཁྲིད་པ་བཟང་བོ་ཞིག་མེད་ན། ལྗང་བུ་བཟང་བོ་ཞིག་ཀྱང་སྡོང་བོ་ཆེན་པོ་ཞིག་ཏུ་སྐྱེ་ག་ལ་སྲིད། གལ་སྲིད་ཞན་ཆ་དེ་དག་ཁ་གསབ་མ་བྱས་ཚེ“མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”ལས་བྱུང་བའི་ན་གཞོན་ཅན་གྱི་རླབས་རྒྱུན་དེ་ཟང་ཟིང་གི་རླུང་བུ་འཇགས་རྗེས་སུ་ཁ་ཕྱོགས་མེད་པའི་དགའ་ཞེན་ཞིག་ཏུ་འགྱུར་སྲིད།

མཚོ་སྔོན་གྱིས་གནད་དོན་མཐོང་ཡོད་ལ་འབད་བརྩོན་ཡང་བྱེད་བཞིན་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱིས་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་བཅས་ཀྱི“6+3+2”ཚོད་ལྟའི་བཀོད་སྒྲིག་མགྱོགས་མྱུར་སྒོས་བཟོ་བཞིན་ཡོད་པ་དང་། རྐང་གྲུག་གི་སློབ་གྲྭ་གསར་པ33འཁོར་སྐྱོད་ཚོད་ལྟ་བྱེད་མགོ་ཚུགས་ཡོད། དེ་དང་ཆབས་ཅིག་ཏུ། ཞིང་ཆེན་དང་། གྲོང་ཁྱེར(ཁུལ)རྫོང(གྲོང་ཁྱེར། ཆུས)བཅས་རིམ་པ་གསུམ་གྱི་གཞོན་ནུའི་སྦྱོང་བརྡར་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་སློབ་གྲྭ་དང་མཚོ་སྔོན་སྟོད་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིག་བྱས་ཏེ། ཆུ་ཚད་མཐོ་བའི་རྐང་གྲུག་གི་རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དམིགས་སུ་བཟུང་བའི་མཚོ་སྔོན་ཞིང་ཆེན་གཞོན་ནུའི་རྐང་གྲུག་སྦྱོང་བརྡར་ལྟེ་གནས་གང་མགྱོགས་ཅི་མྱུར་སྒོས་འཛུགས་བཞིན་ཡོད། ལས་འགུལ་དེ་དག་གི་དམིགས་ཡུལ་གཅིག་སྟེ། མཚོ་སྔོན་གྱི་འབྲེལ་ཐག་ཡོངས་ལ་ཁྱབ་པའི་རྐང་གྲུག་གཞོན་ནུའི་སྦྱོང་བརྡར་མ་ལག་གསར་པ་གཏོད་རྒྱུ་དེ་རེད།

སྒྲོམ་གཞི་འཛུགས་པ་ལས་གནད་འགག་ཆེ་བ་ཞིག་ནི་ཕྱིར་གཏོང་བྱེད་ས་ངོ་མ་གཏོད་རྒྱུ་དེ་རེད། ཆུ་དམར་ལེབ་རྫོང་དུ་རྐང་གྲུག་རྒྱག་མཁན་གཞོན་ནུ59ཆེད་ལས་སྐས་རིམ་རུ་ཁག་ལ་བསྐྱལ་ཡོད། དེའི་ཐོག་ནས་མཚོ་སྔོན་གྱི་བྱིས་པར་ལྷན་སྐྱེས་ཀྱི་ཤེས་རབ་ཡོད་པའི་རྟགས་མཚོན་ཡོད་མོད། འོན་ཀྱང་ཕྱི་རོལ་གྱི་བགྲོད་ལམ་དང་རྒྱུན་མཐུད་འབྲེལ་མཐུད་ཀྱི་ཉམས་ཞན་པའི་ལམ་སྲོལ་དེ་རེད། མ་འོངས་པར་རང་འགུལ་ངང་ཞིང་ཆེན་གཞན་གྱི་སྤྲོ་རྩེད་ཁང་དང་མཐོ་སློབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་དང་ཁ་ཕྱོགས་གཏན་འཁེལ་གྱི་སྐྱེལ་འདྲེན་འབྲེལ་བ་འཛུགས་པ་དང་། དུས་མཚུངས་སུ་ཞིང་ཆེན་ནང་ཁུལ་དུ་རྐང་གྲུག་གི་དམིགས་བསལ་སློབ་མའི་སློབ་རིམ་འཕར་བའི་བགྲོད་ལམ་འཚོལ་ཞིབ་བྱས་ནས། རྐང་གྲུག་རྩེ་མཁན་གྱི་བྱིས་པར“རྐང་གྲུག་རྒྱག་པའམ་ཡང་ན་དཔེ་ཆ་འདོན་པའི”གཉིས་འདེམས་གཅིག་གི་གནད་དོན་མི་འཕྲད་པར་བྱེད་དགོས། གཞན་ཡང་། རང་ས་གནས་ཀྱི་རྩལ་ཁྲིད་པ་དང་ཤན་འབྱེད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། “ནང་དུ་གདན་འདྲེན་དང་ཕྱིར་བསྐྱོད་པ”བརྒྱུད་དེ་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་། “མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”དེ་ཉིད་དངོས་འཐབ་དམག་སྦྱོང་བྱ་ཡུལ་དུ་འགྱུར་བ་བྱེད་དགོས།

མཚོ་སྔོན་གྱི་རྐང་གྲུག་ཐད་དེ་སྔ་འོད་སྟོང་ལྡན་མྱོང་།  དེར་དགའ་ཞེན་དང་ས་བོན་མང་ན་ཡང་། རྐང་གྲུག་ར་བ་ནས་འབྱུང་འགྱུར་གྱི་མདུན་ལམ་བར་ལ་ཆ་ཚང་བའི་ས་ལམ་སོགས་ཅི་ཡང་མེད། “མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན”གྱིས་ན་གཞོན་ཅན་དུ་བསྒྱུར་རྒྱུ་མངོན་གསལ་དུ་བཏོན་པ་མ་ཟད།། རྒྱུགས་གཞི་དེའང་ཀུན་གྱི་མིག་མདུན་དུ་བསྟར་ཡོད། གལ་ཏེ་ང་ཚོར་ལུས་རྩལ་གྱིས་མི་གསོ་སྐྱོང་བྱེད་ཐུབ་པར་སེམས་གཏིང་ནས་ཡིད་ཆེས་ཡོད་ཚེ། རྐང་གྲུག་ར་བ་ནས་རྩལ་མངོན་པའི་གཞོན་ནུ་དེ་དག་ལ་མ་འོངས་པའི་ལམ་ཡག་པོ་ཞིག་ཅིས་ཀྱང་འདིང་དགོས། དེ་ནི་མཚོ་སྔོན་རྐང་གྲུག་གི་འབྱུང་འགྱུར་ལ་མ་འཇོག་བྱས་པ་ཞིག་ཡིན་པ་མ་ཟད། གཞོན་ནུའི་མི་རབས་ཤིག་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཁས་ལེན་ཞིག་ཀྱང་ཡིན་ནོ། ། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།