མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྨ་ཆུ་ནི་མཚོ་བོད་མཐོ་སྒང་ནས་ཆལ་ཆིལ་དུ་དམའ་མོ་གཞོང་ལ་གྱ་གྱུར་བཞུར་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་ཁོངས་སུ་བབས་པ་ན། མཐོ་ལ་རྔམ་བརྗིད་པའི་རགས་ཆེན་གྱིས་མདུན་བཀག་སྟེ། གཡུ་ཞུན་ས་ལ་འཁྱིལ་འདྲའི་མཚོ་མོ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་རྨ་ཆུའི་ཆུ་མཛོད་རེད། གསེར་ཆེན་རྫོང་གིས་ཆུ་མཛོད་དེའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན་གྱ་ནོམ་པ་ལ་བརྟེན་ནས་ཚལ་རྔ་འགག་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་ཁུལ་གྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་སྐྲུན་པའི་ལས་ཀར་ནུས་རྒུས་སྐུལ་འདེད་བཏང་། དེ་དང་འབྲེལ་ནས་ཆུ་མཛོད་ཀྱི་ཆུ་ཁོངས་གཙང་མའི་ཆུ་འཁྱགས་ཉ་རིགས་གསོ་སྤེལ་བེད་སྤྱད་དེ། མང་ཚོགས་ཀྱིས་ཁྱད་ལྡན་བཟའ་བཏུང་ལས་རིགས་གོང་སྤེལ་ལ་སྐུལ་ཁྲིད་བྱས་ནས་རྨང་གཞི་བརྟན་ལ་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་གསེབ་དར་སྤེལ་གྱི་ལམ་དུ་སྐྱོད་བཞིན་ཡོད།
ཡུལ་སྐོར་བས་ཚལ་རྔ་མཚོ་ལ་གཟིགས་པ།
ཆུ་རགས་ཤིག་གིས་ཆུ་བོ་ཆེན་པོ་བཀག།
ཆུ་འགག་མཐོ་ཡང་མཚོ་ངོས་ཡངས་པས་རིག་གནས་ཡུལ་སྐོར་གྱི་གཤིན་སར་གྱུར།
ཚལ་རྔ་འགག་ལྗོངས་ཁུལ་དུ་བསྐྱོད་པ་ན། གནའ་བོའི་བཀོད་ལེགས་ཤིང་ཁང་རེ་རེ་མཚོ་ངོགས་སུ་མཐོ་དམའ་མི་སྙོམས་པར་བརྩིགས་ཡོད་ཅིང་། ཚལ་རྔ་མཚོ་འགྲམ་གྱི་མཛེས་ལྗོངས་ཉག་ཅིག་ཏུ་གྱུར་ཡོད། ཚལ་རྔ་འགག་ལྗོངས་ཁུལ་གྱི་འགན་འཁུར་བ་ཁྲེན་ཡུན་ཝན་གྱིས་འདི་སྐད། འདི་ནི་ལྗོངས་ཁུལ་གྱིས་གསར་དུ་བསྐྲུན་པའི་དམངས་ཤག་ཤིང་ཁང་ཡིན་ཞིང་། ཁང་པའི་ནང་དུ་ཆུ་དང་གློག དྲོད་འདོན་བཅས་སྒྲིག་ཆས་ཆ་ཚང་བསྒྲིགས་ཡོད་པས། ཡུལ་སྐོར་བས་ཁང་པའི་ནང་དུ་ཉེ་འཁོར་གྱི་ཡུལ་ལྗོངས་ལ་ལྟ་ཐུབ་པ་མ་ཟད། ཆུ་འགག་གི་མཚོ་ངོས་ཡངས་པའི་རྨ་ཆུའི་མཛེས་པ་ལ་ཅི་དགར་ཉམས་སུ་མྱོང་ཐུབ་ཟེར།
ཆུ་རགས་ཆེན་པོའི་བརྗིད་ཉམས་དང་དྭངས་ཤིང་གཙང་བའི་རྨ་ཆུའི་ཆུ་ཁོངས། གཡང་གཟར་ཆེ་བའི་གྲོང་རོང་གི་ས་དབྱིབས། དེ་མིན་རྨང་བརྟན་ལ་བརྗིད་ཆགས་པའི་ཆུ་གློག་བཟོ་ལས་ཀྱི་རིག་གནས་ལ་གཞི་བཅོལ་ཏེ། མཚོ་ལྷོ་ཁུལ་དང་གསེར་ཆེན་རྫོང་གི་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་སྐྱེ་ཁམས་ཀྱི་དགེ་མཚན་དང་། རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་ནས་གོང་དུ་སྤེལ་བའི་དམིགས་འབེན་གཏན་འཁེལ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་གྱི་ལས་ལ་སྐུལ་འདེད་བཏང་སྟེ་མ་ལག་རང་བཞིན་གྱིས་ལེགས་སྒྲིག་བྱས་ནས་ཁོངས་གཏོགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་འཁྲུག་ཆ་དོད་པོ་བཟོས། “ཚལ་རྔའི་སྙིང་སྟོབས”ཀྱི་ཤུགས་རྐྱེན་དང་སྣེ་ཁྲིད་འོག དངོས་སྒྲུབ་འགག་གཏོར་དང་སྤོབས་པ་ཆེར་སྐྱེད་ཀྱིས་བརྩོན་ལེན་བྱེད་པའི་ཉམས་འགྱུར་མ་ཡལ་པ་བྱས་ནས་བཟོ་ལས་གོང་སྤེལ་གྱི་རིགས་ལམ་སྣ་རྐྱང་ལས་བརྒལ་ཏེ། སྐྱེ་ཁམས་ཐོན་ཁུངས་དང་བཟོ་ལས་རིག་གནས། བསམ་པའི་རིག་རྒྱུན་གཅིག་ཏུ་འདྲེས་པར་སྐུལ་འདེད་བཏང་ནས་བཟོ་ལས་གྲོང་རྡལ་ཆུང་ངུ་དེའི་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་གསར་པ་ཞིག་བསྩལ།
5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད། ཚལ་རྔ་འགག་ལྗོངས་ཁུལ་གྱིས་ཚད་གཞི་མཐོ་ཞིང་། ཞིབ་ཚགས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཕྱིའི་བཀོད་པ་དང་ནང་གི་སྒྲིག་གཞི་འཐུས་ཚང་དུ་བཏང་བ་དང་། སྔོན་བྱོན་མེས་པོ་དག་གི་ཡང་དག་དོན་ལ་འབད་ཅིང་། ཡག་ཐོག་ཡག་བརྩེགས་ཀྱི་བློ་བརྟན་འཕེར་བའི་འཛུགས་སྐྲུན་གྱི་ཐོག་མའི་སེམས་འདུན་རྒྱུན་འཛིན་བྱས་ཏེ་རིག་གནས་ཡུལ་སྐོར་མྱོང་རོལ་གྱི་གཞི་རྟེན་རྒྱུན་ཆད་མེད་པར་རིམ་སྤར་བྱས། ད་ཆ་འགག་རོང་གི་ཤིང་ཟམ་དང་། མཚོ་ངོགས་ཀྱི་ཁྱད་ལྡན་ཚིག་ཇ་ཁང་། བར་སྣང་དུ་བསྲིངས་པའི་ཤེལ་ལམ། རི་ཐང་གི་ལྕགས་རྟའི་རྒྱུག་ལམ། ཁང་འཁོར་སྒར་སའི་རྟེན་གཞི་ལ་སོགས་པའི་ལས་རིགས་རྣམ་པ་དུ་མ་ཞིག་སྔ་རྗེས་སུ་བསྐྲུན་ནས་བཀོལ་སྤྱོད་བྱས་པ་དང་། རྨ་ཆུའི་གྲོང་རོང་ཆེན་མོ་དང་། ཏན་ཞ་ས་སྒང་། ཆུ་འགག་གི་ཡངས་པའི་མཚོ་མོ་ལ་སོགས་ཁྱད་ཆོས་ལྡན་པའི་ལྗོངས་ཁུལ་དག་རྒྱུན་གཅིག་ཏུ་སྦྲེལ་ནས་སྐྱེ་ཁམས་ལྗོངས་གཟིགས་དང་། ལྗོངས་ཕྱིའི་སྤྲོ་གསེང་། ཞིབ་སློབ་ཡུལ་སྐོར། བཟོ་ལས་རྗེས་དྲན། བསམ་པའི་རྟོགས་སད་བཅས་གཞི་གཅིག་ཅན་གྱི་ཁོངས་ཡོངས་རིག་གནས་ཡུལ་སྐོར་གོང་སྤེལ་གྱི་མ་ལག་བཟོས་ནས་རང་བྱུང་མཛེས་ལྗོངས་དང་བཟོ་ལས་རྨང་གཞི། སྙིང་སྟོབས་རིག་གནས་བཅས་མཉམ་གནས་མཉམ་དར་མངོན་དུ་གྱུར་ཡོད།
ང་ཚོས་ཐོག་མཐའ་བར་གསུམ་དུ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་གྱི་ཚད་གཞི་དེ་ཚད་ཤིང་དུ་བཟུང་སྟེ། རྩེ་གྲ་ཅན་གྱི‘ཚལ་རྔའི་སྙིང་སྟོབས’རྒྱུན་འཛིན་དར་སྤེལ་ལ་བརྩོན་ལེན་བྱས་ནས་ཕྱོགས་ཡོངས་ནས་ཞབས་ཞུའི་སྤུས་ཚད་རིམ་སྤར་དང་། རྨང་གཞི་སྒྲིག་ཆས་འཐུས་ཚང་བཟོས་པ་ཡིན་ཞེས་ཁྲེན་ཡུན་ཝན་གྱིས་དེ་ལྟར་བཤད། ད་སྔ་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་། རིག་ལྡན་ཁྲིད་སྟོན་མ་ལག ཚད་ལྡན་ཅན་གྱི་སྐྱེ་ཁམས་འཁོར་ལྷས། ཁོངས་ཡོངས་ཀྱི་མཚོན་རྟགས་མ་ལག་ལ་སོགས་དགོས་ངེས་ཀྱི་སྒྲིག་ཆས་ཆ་ཚང་ཕྱོགས་ཡོངས་ནས་ལེགས་སྒྱུར་རིམ་སྤར་བྱས་ཡོད་པ་དང་། རིག་ནུས་ཅན་དང་ཚད་གཞི་ཅན། ཞིབ་ཚགས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས་ནས་ལྗོངས་ཁུལ་གྱི་སྤུས་རྟགས་མཚན་སྙན་དང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་བཏང་།
ཁྲེན་ཡུན་གྱིས་འདི་སྐད། དུས་ཆེན་གྱི་གུང་གསེང་སླེབས་ཐེངས་རེར་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་རྣམས་མ་བོས་མགྲོན་པོ་བཞིན་དུ་འཕྲོ་རིམ་འཕྲོར་གནས་འདིར་ཕྱོགས་ནས་རྨ་ཀླུང་སྔོན་མོ་དང་། མཐོ་སྒང་གི་མཛེས་པའི་ཐུན་མིན་ལ་ཉམས་སུ་མྱོང་བ་དང་། ཆུ་རགས་ཆེན་པོའི་འཛུགས་སྐྲུན་མཁན་གྱི་དཀའ་སྤྱད་འབད་འཐབ་དང་གཞན་དོན་དུ་རང་ཉིད་བློས་གཏོང་ཕོད་པའི་ཐོག་མའི་སེམས་འདུན་དང་ཁག་ཁུར་ལ་ཉམས་རྟོགས་སད་པ་བཅས་ཀྱི་ལམ་ནས“ཚལ་རྔའི་སྙིང་སྟོབས”རྒྱུན་འཛིན་དར་སྤེལ་བཏང་བ་དང་། དུས་རབས་གསར་པའི་རིག་གནས་ཡུལ་སྐོར་གོང་སྤེལ་གྱི་རླབས་རྒྱུན་ཁྲོད་འོད་སྟོང་རབ་ཏུ་འབར་བར་བྱས་ཡོད་ཟེར།
སན་ཝན་ཉ་གསར་ཁྲུད་བྱེད་པ།
ཚལ་རྔ་འགག་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་བཟའ་བཏུང་མཁོ་འདོན་གྱི་ཞབས་ཞུ་སྒྲུབ་བཞིན་པ།
དྭངས་གཙང་ཆུ་ལས་རྩ་ཆེ་ཉ་རིགས་གསོས།
སན་ཝན་ཉ་ཤས་སྐྱེ་ཁམས་ཐོན་ལས་སྐུལ།
རི་ཆུ་སྔོ་ཞིང་དྭངས་བ་ནི་གསེར་རི་དང་དངུལ་རི་ཡིན། རྨ་ཆུའི་སྤུས་ལེགས་ཆུའི་ཐོན་ཁུངས་ཀྱིས་ཚལ་རྔ་འགག་གི་འགྲན་ཟླ་བྲལ་བའི་མཛེས་ལྗོངས་བསྐྲུན་པ་མ་ཟད། དམངས་ཕྱུག་གྲོང་དར་གྱི་ཁྱད་ཆོས་ལྡན་པའི་ཆུ་འཁྱགས་ཉ་རིགས་ཐོན་ལས་འདི་དར་སྤེལ་བྱས་པས། ཚལ་རྔ་འགག་ཆུ་མཛོད་དེ་ནི་ཆུ་ཁོངས་རྒྱ་ཆེ་ཞིང་། ཆུ་དྭངས་ཤིང་གཙང་བ། ཆུའི་དྲོད་གྲང་སྙོམས་པ། སྦག་བཙོག་མེད་པ། གསོ་རླུང་ཉར་ཚད་མཐོ་བ་བཅས་རྒྱལ་ནང་དུ་མཐོང་དཀོན་པའི་ཆུ་འཁྱགས་ཉ་རིགས་གསོ་སའི་རང་བྱུང་གི་རྟེན་གཞི་ཞིག་ཏུ་གྱུར། རང་བྱུང་གི་དགེ་མཚན་ཁྱད་པར་ཅན་མངའ་བའི་ཆུ་ཁོངས་ཀྱིས་སན་ཝན་ཉ་འཚར་སྐྱེས་ལ་ཁོར་ཡུག་ཡག་པོ་ཞིག་བཏོན་ཡོད་པས། “མཐོ་སྒང་གི་ས་ཝན་ཉ”ནི་ཚལ་རྔ་འགག་ཐོན་ལས་མིང་བྱང་གྲགས་ཆེད་དུ་གྱུར།
གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོར་མཚོ་སྔོན་ཞིང་ཆེན་གྱི་ཆུ་འཁྱགས་ཉ་རིགས་ཀྱི་ཐོན་འབོར་ཏུན་ཁྲི1.9སླེབས་ཤིང་། དེ་ནི་རྒྱལ་ཡོངས་ཀྱི་སྤྱིའི་ཐོན་འབོར་གྱི40%ཟིན། དེ་ལས་ཚལ་རྔ་འགག་ཆུ་མཛོད་ཀྱི་ཐོན་འབོར་དེ་ཞིང་ཆེན་ཡོངས་ཀྱི་བཅུ་ཆའི་དགུ་ཡན་ཟིན་ཞིང་། རྒྱལ་ནང་གི་ཁྲོམ་རའི་ཟིན་ཚད50%ལས་བརྒལ་བ་དང་། རྒྱལ་ཐོན་སན་ཝན་ཉ་ཕྱིར་གཏོང་གི་ཟིན་ཚད98.5%ལ་སླེབས། སྤུས་ལེགས་པའི་ཆུ་མཛོད་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་བཅོལ་ཏེ། ཡུལ་དེའི་ཆུ་འཁྱགས་ཉ་རིགས་ཐོན་སྐྱེད་དེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལམ་དུ་གཏན་འཇགས་ངང་བསྐྱོད།
ལུང་ཡངས་ཀྲི་ཞན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བཟོ་སྣོན་ཁང་དུ། གོ་རིམ་ལྡན་པའི་ཐོན་སྐྱེད་ལ་བྲེལ་བའི་རྣམ་པ་ཞིག་མིག་མདུན་དུ་རྒྱུ་འོང་། བཟོ་བ་རྣམས་ཀྱིས་ལས་བགོས་བར་གྱི་མཉམ་ལས་གོ་རིམ་མ་འཆོལ་བར་བཟུང་མ་ཐག་པའི་ཆུ་འཁྱགས་ཉ་འདེམས་གསེས་བྱེད་ཅིང་། ཚད་ལྡན་ཅན་གྱིས་བཟོ་སྣོན། དབུགས་མེད་སོས་ཉར་གྱི་ཐུམ་རྒྱག་པ་སོགས་གོ་རིམ་ཧྲིལ་བོ་ཚགས་དམ་པའི་ཐོན་སྐྱེད་ཚད་གཞི་ལྟར་དུ་མགོ་ཁུངས་ནས་ཆུའི་ཐོན་རྫས་ཀྱི་བདེ་འཇགས་དང་རྒྱུ་སྤུས་ལ་སྲུང་སྐྱོབ་ལེགས་པོ་བྱས། བཟོ་སྣོན་ཞིབ་ཚགས་དང་སྤུས་ལེགས་ཐུམ་རྒྱག་བརྒྱུད་ཆུ་འཁྱགས་ཉ་རིགས་ཀྱི་ཐོན་རྫས་དེ་དག་འཁྱགས་སྦྲེལ་ཟོང་འགྲེམ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་གྲོང་ཁྱེར་གྱི་རང་འདེམ་ཚོང་ཁང་དང་སོས་ཚོང་ཁྲོམ་རར་བསྐྱལ་དེ་མཐོ་སྒང་གི་ས་མཚམས་བརྒལ་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སོ་སོར་ཕྱིར་འཚོང་ཐུབ་ཡོད།
ལུང་ཡངས་ཀྲི་ཞན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིའི་ལག་རྩལ་པུའུ་ཡི་པུའུ་ཀྲང་ལི་ཡའོ་ཕིང་གིས་འདི་སྐད། སྤྱིར་བཏང་གི་གསོ་སྤེལ་ཆུ་ཁོངས་དང་བསྡུར་ན། ཚལ་རྔ་འགག་གི་མཐོ་སྒང་ཆུ་གྲང་མོའི་ཆུ་མཛོད་ཁུལ་དེ་ལ་གཞན་གྱིས་ཚབ་བྱེད་མི་ནུས་པའི་སྐྱེ་ཁམས་གསོ་སྤེལ་གྱི་དགེ་མཚན་ལྡན། ཉེ་བའི་ལོ་རིང་ལ། ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་སྤེལ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དར་སྤེལ་བཏང་བ་དང་། རྨ་ཆུའི་སྤུས་ལེགས་པའི་ཆུའི་ཐོན་ཁུངས་ལ་གཞི་བཅོལ་ཏེ། གསོ་སྤེལ་དང་འཛིན་བཟུང་། བཟོ་སྣོན། གསོག་ཉར་སྐྱེལ་འདྲེན་བཅས་ཀྱི་སྦྲེལ་ཐག་ཡོངས་ཀྱི་རྒྱུ་སྤུས་ལ་ཚོད་འཛིན་ནན་མོ་བྱས་ནས་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་གསོ་སྤེལ་ལག་རྩལ་ལ་བརྟེན་ནས་ཐོན་རྫས་ཀྱི་རླུང་རྟ་དགོང་ལ་སྐྱོད་པར་རྨང་གཞི་བརྟན་པོ་བཏིངས་པ་ཡིན་ཟེར།
སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་གསོ་སྤེལ་གྱི་འཕེལ་རྒྱས་འདུ་ཤེས་གཉིས་འཛིན་སྐྱོང་བྱ་ཆེད། ས་གནས་དེ་གས་ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་མཛོད་ས་ཁོངས་ཀྱི་གསོ་སྤེལ་ཁྱབ་ཁོངས་འཆར་འགོད་ལེགས་པོ་བྱས་ཏེ། ཚད་གཞི་ཅན་དང་གཞི་ཁྱོན་ཅན། སྐྱེ་ཁམས་ཅན་གྱི་གསོ་སྤེལ་བྱེད་སྟངས་དར་སྤེལ་བཏང་བ་དང་། ཆུ་ལ་འབོག་བཙོག་དང་སྐྱེ་ཁམས་ལ་གཏོར་བརླག་བྱེད་པའི་གསོ་སྤེལ་བྱ་སྤྱོད་གཏན་འགོག་བྱས་པས། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ཆུའི་ཐོན་རྫས་གསོ་སྤེལ་གཉིས་ཀར་གཉིས་ཕན་མཉམ་རྒྱལ་བྱུང་ཡོད། སྐྱེ་ཁམས་གསོ་སྤེལ་དྲ་སྒམ་གོ་རིམ་ལྡན་པའི་ངང་ནས་ཆུ་ངོས་སུ་བཀྲམས་པ་ན། ཉ་ཕྲུག་གསོ་སྐྱོང་དང་ཚན་རིག་དང་མཐུན་པས་དོ་དམ་སྲུང་སྐྱོབ་ནས་ཉ་ཆེན་འཛིན་བཟུང་དང་འཁྱགས་སྦྲེལ་གསོག་ཉར་གྱི་བར་དུ་ཚལ་རྔ་འགག་གིས་སན་ཝན་ཉ་ཡི་ཐོན་ལས་སྦྲེལ་ཐག་ཆ་ཚང་བ་ཞིག་བཙུགས་ཏེ་གསོ་སྤེལ་ཐོན་ལས་ཀྱི་རྒྱུ་སྤུས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་། མཐོ་སྒང་གི་བཞུར་ཆུ་གཙང་མས་གསོས་པའི་སན་ཝན་ཉ་ཡི་ཤ་ནི་སྙི་མོ་ཡིན་ལ་འཚོ་བཅུད་ཕུན་སུམ་ཚོགས་པ། དྲོ་བ་ཞིམ་པ་ལ་སོགས་སྤུས་ལེགས་ཐོན་རྫས་ཀྱི་མིང་ཐོག་ནས་མཚོ་སྔོན་གྱི་ས་མཚམས་བརྒལ་ཏེ། རྒྱལ་ཡོངས་སུ་བསྐྱོད་ནས་ཁྲོམ་ཆེན་ཐོག་དགའ་བསུ་ཆེན་པོ་ཐོབ།
སན་ཝན་ཉ་ཆུང་ངུ་ཞིག་གིས་ཞིང་གྲོང་དར་སྤེལ་གྱི་ཐོན་ལས་ཆེན་མོ་འཕེལ་རྒྱས་སུ་བཏང་། ཆུའི་ཐོན་རྫས་གསོ་སྤེལ་ཐོན་ལས་དར་རྒྱས་ཆེན་པོ་བྱུང་བས། ཡུལ་དེའི་སྣ་ཆིག་རྐྱང་གི་ཞིང་འབྲོག་ལས་གོང་སྤེལ་གྱི་རྣམ་པ་ཡོངས་སུ་བསྒྱུར་ནས་སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་ཡང་སྒོ་འཕར་སྣོན་བྱུང་བ་དང་། མང་ཚོགས་ཀྱི་ལས་ཞུགས་ཕྱུག་འགྱུར་ཐད་ལ་ལམ་བུ་གསར་པ་ཞིག་བཏོད། ཡུལ་དེའི་སྡེ་མི་མང་པོ་ཞིག་གིས་ཐག་ཉེ་སར་ལས་ཀ་རག་ཐུབ་པ་བྱུང་བ་དང་། ཉ་ཕྲུག་གསོ་སྐྱོང་དང་། དྲ་སྒམ་བདག་དོམ། ཉ་གསེད་བ་དང་བཟོ་སྣོན། ཟོང་འགྲེམ་སྐྱེལ་འདྲེན་ལ་སོགས་རིམ་པ་སོ་སོའི་ལས་ལ་འཇུས་པས། ཁྱིམ་གྱི་སྒོ་ཁར་ཡོང་འབབ་བརྟན་པོ་ཞིག་རག་ཐུབ་ཡོད།
ལུང་ཡངས་ཀྲི་ཞན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིའི་ལས་བཟོ་བ་ལོའུ་ཐིན་ཀང་ནི་ཡུལ་དེའི་སྡེ་མི་ཞིག་ཡིན། ད་ལྟར་ཁྱིམ་གྱི་སྒོ་ཁར་ལས་ཞུགས་བྱས་ཡོད་པས། ཁྱིམ་མི་ལ་བདག་སྐྱོད་བྱེད་ཐུབ་པར་མ་ཟད། ཡོང་འབབ་ཀྱང་མང་པོ་ཞིག་རག་ཐུབ་ཡོད། ཁོས་དྲང་མོར་བཤད་རྒྱུར། འདི་ལྟ་བུའི་འཚོ་བ་ཧ་ཅང་སེམས་བདེ་ཟེར། ཁོ་དང་འདྲ་བའི་ཡུལ་དེའི་མང་ཚོགས་མང་པོ་ཞིག་གིས་ཁེ་ལས་དེ་གར་ལས་ཀ་གཉེར་བཞིན་ཡོད། རང་ས་རང་ཡུལ་གྱི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་བས་ཁྱིམ་གཅིག་གི་བདེ་སྐྱིད་འཚོ་བ་དེ་བརྟན་པོའི་ངང་ན་རོལ་བཞིན་ཡོད།
ཚལ་རྔ་འགག་གི་ས་ཝན་ཉ།
ཚལ་རྔ་མཚོའི་མཛེས་ལྗོངས།
ཉ་སོས་པའི་ཟས་ལ་རོ་བརྒྱ་ལྡན།
ཁྱད་ལྡན་ཉ་ཤའི་གསོལ་སྟོན་གྱིས་དམངས་རྣམས་ཕྱུག་འགྱུར་ལམ་དུ་བཀོད།
ཐོན་ལས་དར་ན་མང་ཚོགས་ཕྱུག་ཅེས་པ་ལྟར། ཡར་ངོས་ཟླ་ལྟར་འཕེལ་བའི་སན་ཝན་ཉ་ཡི་ཁྱད་ལྡན་ཐོན་རྫས་ལ་གཞི་བཅོལ་ཏེ། ཚལ་རྔ་འགག་གྲོང་རྡལ་གྱི་སྡེ་མི་མི་ཉུང་བ་ཞིག་གི་ལས་རིགས་ཁ་ཕྱོགས་ལེགས་སྒྱུར་བྱས་ཤིང་། གནམ་རྒན་མར་བརྟེན་ནས་འཚོ་བ་རོལ་བའི་སྲོལ་རྒྱུན་གྱི་རྨོ་ཞིང་ལས་རིགས་བསྒྱུར་ཏེ། ཁྱད་ལྡན་བཟའ་བཏུང་གཡོས་སྦྱོར་གྱི་སྦྱིན་བདག་དང་། ཟས་མཆོག་གཡོ་བའི་ཇ་མར་གྱུར་ནས་རང་ཁྱིམ་གྱི་སྒོ་ཁར“སྐྱེ་ཁམས་ཐོན་ལས་ཀྱི་ཟ་མ”ཟ་བཞིན་ཡོད།
སྡེ་མི་ཚའེ་ཁའེ་ནི་ཁེ་ཕན་དེ་རག་མཁན་ཞིག་ཡིན། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གིས་ཆེད་དོན་རྩལ་ནུས་ཟབ་སྦྱོང་གཉེར་བའེ་རོགས་སྐྱོར་དང་སློབ་སྟོན་འོག ཁོས་སན་ཝན་ཉ་ཤ་ཡི་ཁྱད་ལྡན་བཟའ་བཏུང་གི་འགྲན་རྩོད་ལམ་ཁར་བློ་རྩེ་གཅིག་ཏུ་གཞོལ་ནས་ཟས་སྣ་ལེགས་ཤོས་ཡང་ཡང་ཞིབ་འཇུག་ཐོག་གསར་གཏོད་བྱས། ཁོས་སྤུས་ལེགས་པའི་མཐོ་སྒང་གི་སན་ཝན་ཉ་ཤ་ཡི་རྒྱུ་ཆ་འདི་ལ་གཞི་བཅོལ་ཏེ། སན་ཝན་ཉ་ཤའི་ཐཱ་ཁེ་དང་། ཉ་རུས་གཡེར་ཚྭ་ཅན། ཉ་ཤ་རིལ་མོ། ཉ་མགོའི་ཁུ་བ་ཞིམ་པོ་ལ་སོགས་པའི་ཁྱད་ཆོས་ཅན་གྱི་ཉ་ཤའི་ཟས་རིགས་དུ་མ་གསར་གཏོད་བྱས་པ་དང་། ཉ་ཤ་དག་མ་ཡིན་ཞིང་དྲོ་བ་ཧ་ཅང་ཞིམ་པས་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཀྱིས་བསྟོད་པ་བྱེད་ཀྱི་ཡོད། ཚའེ་ཁའེ་ཡིས་འདི་སྐད། ད་ལྟ་སན་ཝན་ཉ་ཤའི་དྲོ་བར་ཆེད་དུ་མྱོང་མཁན་གྱི་སྐུ་མགྲོན་ཇེ་མང་ནས་ཇེ་མང་རེད་ལ། ཡོང་འབབ་འཕར་ཚད་ཀྱང་གཏན་འཇགས་རེད་ཟེར། སླད་ཕྱིན་ཁོས་ཁྱད་ལྡན་ཉ་ཤའི་ཐོན་ལས་འདི་གཞིར་བཟུང་སྟེ། ཟས་སྣ་སྤུས་ལེགས་མུ་མཐུད་དུ་ཞིབ་འཇུག་བྱས་ནས་རང་ཁྱིམ་གྱི་བཟའ་བཏུང་གི་སྤུས་རྟགས་དེ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུ་འདོན་པ་དང་ཆབས་ཅིག ཚལ་རྔ་འགག་གི་སན་ཧན་ཉ་ཤའི་ཁྱད་ལྡན་མིང་བྱང་གི་མཚན་སྙན་གང་སར་ཁྱབ་པར་ནུས་ཤུགས་འདོན་འདོད་ཡོད་ཟེར།
ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་པ་སུའུ་རོང་གིས་འདི་སྐད། ཆུ་འཁྱགས་ཉ་རིགས་ཀྱི་ཐོན་ལས་སྦྲེལ་ཐག་མུ་མཐུད་དུ་བསྲིངས་ཆེད་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་ཆེད་དུ། གྲོང་རྡལ་སྲིད་གཞུང་གིས་སན་ཝན་ཉ་ཤ་གཡོས་སྦྱོར་གྱི་ལག་རྩལ་དང་། ཁྱད་ལྡན་བཟའ་བཏུང་གཉེར་སྐྱོང་ལ་སོགས་ཐད་ཆེད་དོན་ཟབ་སྦྱོང་རྒྱུན་འཇགས་སུ་སྤེལ། ད་སྔའི་བར་མང་ཚོགས140ལ་ཟབ་སྦྱོང་བྱས་ཡོད། ད་སྔ་སྡེ་མི60ལྷག་གིས་སན་ཝན་ཉ་ཤའི་ཁྱད་ལྡན་བཟའ་བཏུང་གི་ལས་རིགས་གཉེར་ནས་རང་ས་རང་ཡུལ་ནས་ལས་ཞུགས་མངོན་འགྱུར་བྱུང་ཡོད་ཟེར།
ཚའེ་ཁའེ་ནི་ཚལ་རྔ་འགག་གྲོང་རྡལ་གྱི་ཁྱད་ལྡན་བཟའ་བཏུང་གི་ལས་འདིར་འཐམ་མཁན་སྔ་བའི་གྲས་ཀྱི་གཅིག་ཡིན། དག་མ་དག་རྐྱང་གི་སན་ཝན་ཉ་ཤའི་གསོལ་སྟོན་ལ་བརྟེན་ནས་ཡུལ་སྐོར་བ་འབོར་ཆེན་ཞིག་ཚུར་འགུག་བཞིན་ཡོད། ལོ་ངོ་བཅུ་ཕྲག་རིང་དེ་གར་གཞིས་ཆགས་ཤིང་རྩ་བ་ཚུགས་པའི་ཁོ་ལ་མཚོན་ན་གྲོང་རྡལ་གྱི་འཕོ་འགྱུར་ནི་མིག་ཐོག་ལག་ཟིན་ཡིན་ཏེ། ལྷིང་འཇགས་ཀྱི་ངང་ནས་ལོ་ཟླ་བསྐྱལ་བའི་གྲོང་རྡལ་ཆུང་ཆུང་ཞིག་ནས་ཆུ་ཀློང་སྔོན་མོའི་མཐར་བསྐོར་བའི་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ཆུང་བར་དང་། ཞོར་ལས་ལས་ཀ་དང་ཞིང་ལས་ལས་ཀ་གཙོ་བྱེད་པ་ནས་ཡུལ་སྐོར་དང་ཟས་མཆོག་ལ་བརྟེན་ནས་ཕྱུག་འགྱུར་གྱི་འཚོ་བ་རོལ་བའི་བར་དུ། སྡེ་མི་སྔར་ལས་མང་པོ་ཞིག་གིས་ལས་གཏོད་ལ་ལད་མོ་བྱས་ནས་ཉ་ཤའི་གསོལ་ཁང་དང་། དམངས་ཤག ཚོང་ཁང་བཅས་རིམ་པ་བཞིན་གཉེར་ནས“ཡུལ་སྐོར་གྱིས་བཟའ་བཏུང་ལ་སྐུལ་ཁྲིད་དང་། བཟའ་བཏུང་གིས་འབབ་འཕར་ལ་སྐུལ་འདེད”གཏོང་བའི་འཕེལ་རྒྱས་རྣམ་པ་ཞིག་ཆགས། ཚོང་པ་མང་པོ་ཞིག་གིས་ཐོན་ལས་ཀྱི་སྦྲེལ་ཐག་ཕྱིར་བསྲིངས་ཏེ། དབུགས་མེད་སོས་ཉར་གྱི་ཐུམ་བརྒྱབ་པའི་སན་ཝན་ཉ་དང་། ཉ་སྐམ་ལ་སོགས་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་བཏོན་པ་མ་ཟད། དྲ་ཐོག་དང་དྲ་འོག་གཉིས་ཀ་ནས་ཚོང་ལམ་བཏོད་དེ་འབབ་འཕར་གྱི་ལམ་ཁ་རྒྱ་བསྐྱེད།
ཆུ་རགས་ཤིག་གིས་རྨ་ཆུ་བཀག་ཅིང་། ཉ་རིགས་ཤིག་གིས་ལས་བརྒྱ་བཏོད། གསོལ་སྟོན་ཞིག་གིས་ཁྱིམ་ཚང་ཁྲི་སྟོང་ཕྱུག་ལམ་དུ་བཀོད། དེ་སྔ་སྐྱ་སད་སྔོ་སྡུག་གི་མྱ་ངམ་ཐང་ཞིག་ནས་མཛེས་ཤིང་ལྟ་ན་སྡུག་པའི་རི་ཆུ་བར་དང་། བཟོ་ལས་གྲོང་རྡལ་ཞིག་ནས་རིག་གནས་ཡུལ་སྐོར་གྱི་གནས་མཆོག་བར། གནམ་རྒན་མར་བརྟེན་ནས་འཚོ་བ་རོལ་ཐབས་བྱེད་པ་ནས་ཆུ་ལ་བརྟེན་ནས་ཕྱུག་པོར་བསྒྱུར་བའི་བར། ཚལ་རྔ་འགག་གིས་རྨ་ཆུའི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་བཅོལ་ཏེ། རིག་གནས་ཡུལ་སྐོར་དང་། ཆུའི་ཐོན་ལས། བཟའ་བཏུང་བཅས་མཉམ་དུ་བསྲེས་པའི་གྲོང་གསེབ་དར་སྤེལ་གྱི་ལྗང་མདོག་ལམ་བུ་ཞིག་བཏོད་དང་གཏོད་བཞིན་ཡོད་དོ།།