མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་འོས་སྦྱོར་དང་ཡུལ་ཤུལ་གྱི“དབྱར་རྩྭ་སོས་པའི་དུས་ཚིགས”ཀྱི་མུ་འབྲེལ་བྱེད་སྒོ་ཐོག་མ་ཡུལ་ཤུལ་ཁུལ་དུ་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ6པའི་ཚེས16ཉིན་བསྒྲགས་པའི་གནས་ཚུལ། ཡུལ་ཤུལ་དབྱར་རྩྭ་དགུན་འབུའི་སྤུས་རྟགས་གསར་བཟོ་དང་ཐོན་ཁུངས་སྲུང་སྐྱོབ་བརྒྱུད་དེ་ཚོང་བ་དང་འཛད་སྤྱོད་པ་སྔར་ལས་མང་པོས་དབྱར་རྩྭར་རྒྱུས་ལོན་བྱེད་ཐུབ་པ་དང་། ང་ཚོའི་ཐོན་ལས་སྦྲེལ་ཐག་ཀྱང་རིང་དུ་བསྲིངས་ནས་ཟུར་སྣོན་རིན་གོང་མཐོ་ཤོས་སྤར་ནས་འཚོང་ཐུབ་ངེས་ཞེས2026ལོའི་མཚོ་སྔོན་དབྱར་རྩྭ་དགུན་འབུ་འོས་སྦྱོར་དང་ཡུལ་ཤུལ་གྱི“དབྱར་རྩྭ་སོས་པའི་དུས་ཚིགས”ཀྱི་མུ་འབྲེལ་བྱེད་སྒོ་སྤེལ་བའི་མགོ་ཚུགས་མཛད་སྒོའི་སྟེང་ཡུལ་ཤུལ་དབྱར་རྩྭའི་ཚོང་བ་པདྨ་བདུད་འདུད་ཀྱིས་དགའ་བ་ཆེན་པོས་དེ་ལྟར་བཤད། ཟླ6ཚེས16ཉིན། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་འོས་སྦྱོར་དང“ཡུལ་ཤུལ་དབྱར་རྩྭ་སོས་པའི་དུས་ཚིགས”གྱི་མུ་འབྲེལ་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་སྦྲ་ནག་གྲོས་ཚོགས་ལྟེ་གནས་སུ་སྤེལ། 

མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་འོས་སྦྱོར་དང་“དབྱར་རྩྭ་སོས་པའི་དུས་ཚིགས”ཞེས་པའི་མུ་འབྲེལ་བྱེད་སྒོ་སྤེལ་མགོ་ཚུགས་པའི་མཛད་སྒོ་དངོས། 

ཐེངས་འདིའི་བྱེད་སྒོས“གཙང་བོའི་འབྱུང་ཡུལ་སྐྱེ་ཁམས་ལ་སྲུང་སྐྱོབ།  ས་མཐོའི་དབྱར་རྩྭ་ལོངས་སུ་སྤྱོད།  དམངས་ཡོངས་བདེ་ཐང་ལ་ཕན་བདེ་བསྐྲུན”ཞེས་པ་བརྗོད་བྱ་རུ་བྱས་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་བསྒྲུབས་པ་དང་།  མཚོ་སྔོན་དང་སི་ཁྲོན།  ཡུན་ནན། ཀན་སུའུ། བོད་ལྗོངས་བཅས་ཞིང་ལྗོངས་ལྔའི་ལས་རིགས་ཀྱི་འཐུས་མི་རྣམས་གཙང་གསུམ་མགོ་ཁུངས་སུ་གདན་གཅིག་ཏུ་འཛོམས་ནས་དབྱར་རྩྭའི་ཐོན་ཁུངས་སྲུང་སྐྱོབ་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ནི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཡིན་ཞིང་། རྒྱལ་ཡོངས་སྤྱིའི་ཐོན་འབོར་གྱི60%ཡན་ཟིན་པ་དང་། དེ་ལས་ཐོན་པའི་དབྱར་རྩྭའི་རྒྱུ་སྤུས་ཧ་ཅང་དག་ལ། སྨན་གྱི་ཕན་ནུས་མངོན་གསལ་ཡིན་པས་རྒྱལ་ཁབ་ཕྱི་ནང་དུ་སྙན་པའི་གྲགས་པ་འབར་ཡོད།  “ལོ་ལྔ་ཚན་བཅོ་ལྔ་བའི”རིང་ལ། ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར896ལ་བསླེབས། 

ཡུལ་ཤུལ་ནི་མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་ལྟེ་བ་ཡིན་པའི་ཆ་ནས་ཐོན་ཁུངས་ཀྱི་དགེ་མཚན་ཁྱད་དུ་འཕགས།  ཡུལ་དེའི་དབྱར་རྩྭ་ཁྱབ་ཚད་ཆེ་ལ། གསོག་འབོར་མང་པ།  དེ་མིན་ཐོན་ཁུལ་གྱི་མཚོ་འཕགས་མཐོ་ཞིང་མཁའ་དབུགས་གཙང་ལ་སྦག་བཙོག་མེད་པ་དང་། ལྷག་པར་དུ་ཡུལ་དེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོའི་རྟེན་ཉག་ཅིག་ནི་དབྱར་རྩྭའི་ཐོན་ལས་རེད།    ད་སྔ་ཡུལ་ཤུལ་གྱིས“ཐོབ་ཐང་སྲུང་སྐྱོབ་དང་། རིན་གོང་གཏན་འཁེལ། ཚད་གཞི་ལེགས་བཟོ། སྦྲེལ་ཐག་རིང་རྐྱོང་། འགན་སྲུང་སྟོབས་ལྡན།”བཅས་ཡོང་བར་དམ་འཛིན་བྱས་ཏེ། དབྱར་རྩྭའི་ཐོན་ལས“མ་བཅོས་རྒྱུ་ཆ་ཉོ་སྒྲུབ”ནས“སྤུས་རྟགས་དང། སྤུས་ཚད། ཞབས་ཞུ་གསུམ་འཚོང་བའི”ཕྱོགས་ལ་སྒྱུར་ནས་རིམ་སྤར་བྱས། 

བྱེད་སྒོའི་སྟེང་དུ་ཡུལ་ཤུལ་དབྱར་རྩྭ་དགུན་འབུའི་ཐོན་རྫས་འགྲེམ་འཚོང་བྱེད་པ། 

བྱེད་སྒོའི་ཡུལ་དངོས་སུ་ཤིན་ཧྭ་དྲ་བ་མཚོ་སྔོན་ཡན་ལག་གསར་འགྱུར་ཁང་གི་མགོ་གཙོ་གཞོན་པ་ཧོ་ཏེ་ཆིང་གིས2026ལོའི“ཤིན་ཧྭའི་ཡུལ་ཤུལ་དབྱར་རྩྭ་དགུན་འབུའི་རིན་གོང་སྟོན་གྲངས”ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།  2023ལོ་ནས་བཟུང་། ཡུལ་ཤུལ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཤིན་ཧྭ་གསར་འགྱུར་ཁང་བཅས་ཀྱིས་མཉམ་དུ“ཤིན་ཧྭའི་ཡུལ་ཤུལ་རི་སྐྱེས་དབྱར་རྩྭ་དགུན་འབུའི་རིན་གོང་སྟོན་གྲངས”མ་ལག་བཙུགས་ནས་འཁོར་སྐྱོད་བྱས།   སྟོན་གྲངས་དེས་ཡུལ་ཤུལ་གྱི་དབྱར་རྩྭ་དགུན་འབུའི་རིན་གོང་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་ཚད་ལེན་ཐུབ་ཅིང་།  ཁྲོམ་རའི་སྒང་གི་རིན་གོང་འཕར་ཆག་ཐད་ལ་དབང་དྲག་ཅན་གྱི་གཞི་གྲངས་དཔྱད་གཞི་ཞིག་མཁོ་འདོན་བྱས་པར་མ་ཟད། ཐོན་ལས་སྙོམས་སྒྲིག་དང་ཚོད་འཛིན་ཐད་ཀྱི་ཇུས་ཆོད་ལ་ཚན་རིག་གི་གཞི་འཛིན་ས་ཞིག་མཁོ་འདོན་བྱས་ཡོད་པས། ཡུལ་ཤུལ་གྱི་རི་སྐྱེས་དབྱར་རྩྭའི་ཐོན་ལས་ཀྱི་མངོན་མེད་སྟོབས་ཤུགས་མཐོར་འདེགས་སུ་བཏང་ཡོད་ཟེར།  ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་ཀླུ་འཚོས“ད་ལྟ་རྒྱལ་ཡོངས་ཀྱི་དབྱར་རྩྭའི་ཁྲོམ་རས་སྟོན་གྲངས་ཀྱི་རིན་གོང་འདིར་བལྟས་ནས་ཡོད།‘དབྱར་རྩྭ་སོས་པའི་དུས་ཚིགས’ཀྱི་བྱེད་སྒོ་དང་འོས་སྦྱོར་བསྟུད་མུར་ན། ‘ཡུལ་ཤུལ་དབྱར་རྩྭ’ཞེས་པའི་ཚོང་རྟགས་འདི་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ངེས་ཟེར།  


ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་གསར་འགྱུར་ཁང་གི་མགོ་གཙོ་གཞོན་པ་ཧོ་ཏེ་ཆིང་གིས་བྱེད་སྒོའི་ཡུལ་དངོས་སུ2026ལོའི“ཤིན་ཧྭའི་ཡུལ་ཤུལ་དབྱར་རྩྭ་དགུན་འབུའི་རིན་གོང་སྟོན་གྲངས”གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ། 

བྱེད་སྒོའི་སྟེང་དུ་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་བཀྲ་ཤིས་གཡང་ནོར་དང་“ཡུལ་ཤུལ་དབྱར་རྩྭ”ཡིIPགཟུགས་བརྙན།  བརྗོད་དོན་གླུ་དབྱངས《གཙང་གསུམ་མགོ་ཁུངས་ཀྱི་རྩྭ་མཆོག》། དེ་མིན2025ལོར་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་རྟོག་ཞིབ་དང་ལྟ་སྐུལ་ཚད་ལེན་བྱས་པའི་གྲུབ་འབྲས་བཅས་ཁྱབ་སྒྲོག་བྱས་ཏེ།  ལས་རིགས་ཀྱི་སྤུས་རྟགས་དང་མཚོན་རྟགས། རིན་གོང་གི་ཚད་ཤིང་། ཐོན་ཁུངས་དོ་དམ་བཅས་ལ་ཟུར་ལྟའི་མ་ལག་ཆ་ཚང་བ་ཞིག་བཟོས།  དེ་མིན་བྱེད་སྒོས་དབྱར་རྩྭ་དགུན་འབུ་ཉོ་འཚོང་གི་ཕྱོགས་བསྡུས་ཆིངས་འཇོག་མཛད་སྒོ་སྤེལ་ཏེ། ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཀྱིས་ཡུལ་དངོས་སུ་སྒོར་དུང་ཕྱུར9.3ཡི་འདོད་མོས་གྲོས་ཆིངས་བཞག་པས་སྲིད་གཞུང་དང་ཁེ་ལས།  ཐོན་སྐྱེད་དང་བྲིན་འཚོང་ལ་སོགས་ཕྱོགས་མང་པོའི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་བ་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།