ཟླ6ཚེས16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས12པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་བཅས་ཀྱི་གོང་འཕེལ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས》ཞེས་པ་དེ་སྤེལ་ཡོད་པ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2012ལོའི་ཟླ12པ་ནས2026ལོའི་ཟླ4པའི་བར་གནང་བའི་རྣམ་བཤད་གལ་ཆེན་གྱི་གཅེས་བཏུས་ཤིག་ཡིན་པ་རེད།
རྩོམ་ཡིག་ནང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཞིག་རེད། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱེད་པའི་བར་ནང་རྐྱེན་གྱི་གཅིག་མཐུན་རང་བཞིན་དང་ཕན་ཚུན་འདེགས་སྐྱོར་བྱེད་པའི་རང་བཞིན་ཡོད། མ་ལག་ཧྲིལ་པོའི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བ་དང་། ཚན་རྩལ་རང་སྟོབས་རང་སྤེལ། ཤེས་ལྡན་མི་སྣས་སྒུལ་བྱེད་སྣེ་ཁྲིད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་བཅས་ཀྱི་སྒྲིག་གཞི་ལམ་སྲོལ་གྱི་བསྒྱུར་བཅོས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ཕན་ཚུན་མཉམ་འགུལ་ཡག་པོ་ཡོང་བ་མངོན་འགྱུར་བྱས་ཐོག སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལྡབ་འཕར་ནུས་འབྲས་གྲུབ་པར་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
རྩོམ་ཡིག་ནང་། སློབ་གསོས་ཚན་རྩལ་དང་ཤེས་ལྡན་མི་སྣར་ཐོན་པའི་འདེགས་སྐྱོར་གྱི་ནུས་པ་ཤུགས་ཆེར་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣའི་གསོ་སྐྱོང་ཕན་ཚུན་འདེགས་སྐྱོར་དང་རིག་ཚན་སྤུས་མཐོའི་གོང་འཕེལ་ཡོང་བར་སྐུལ་ཁྲིད་བྱེད་པའི་ལམ་སྲོལ་ཡག་པོ་ཆགས་པར་བྱ་དགོས་པ་དང་། མཐོ་རིམ་སློབ་གསོའི་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་བསྒྱུར་བཅོས་གོང་འཕེལ་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་བ། ལས་རིགས་སློབ་གསོ་དང་། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ལ་གཅིག་གྱུར་ཐོག་འཆར་འགོད་བྱེད་པ། སློབ་གསོའི་བྱ་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས། གསར་གཏོད་ཤེས་ལྡན་མི་སྣའི་འཚར་ལོངས་ལ་ཕན་པའི་མི་སྐྱོང་ཁོར་ཡུག་འབད་པས་གྲུབ་པར་བྱ་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། ཁྱོན་ཡོངས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་ལམ་སྲོལ་བཙུགས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་ཁྱོན་ཡོངས་ནུས་ཕྱོད་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཚན་ཞིབ་ལས་ཁུངས་དང་། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་གྲྭ་ཆེན་མོ། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་ངེས་གནས་དང་བཀོད་སྒྲིག་ལེགས་སུ་གཏོང་བ། གསར་གཏོད་བྱེད་པོ་ཁག་གི་གསོན་ཤུགས་སྐུལ་སྤེལ་བྱེད་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་རྒྱུན་མཐུད་ངང་ཤུགས་རྒྱག་པ། འགག་རྩའི་ལྟེ་བའི་ལག་རྩལ་དང་མདུན་ཕྱོགས་ཀྱི་ལག་རྩལ་ཐད་འགག་གཏོར་བྱ་རྒྱུར་དམ་འཛིན་བཅས་བྱ་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། གཞི་ཁྱོན་ཤིན་ཏུ་ཆེ་བ་དང་། གྲུབ་གཞི་ལུགས་དང་མཐུན་པ། བྱང་ཚད་མཐོ་བ་བཅས་ཀྱི་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གང་མགྱོགས་འཛུགས་ཐུབ་པ་བྱ་དགོས། ཤེས་ལྡན་མི་སྣའི་གསོ་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བར་གྱི་དགོས་མཁོའི་འཕྲོད་མཐུན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་འཛུགས་སྐྱོང་མགྱོགས་སུ་གཏོང་བ། རྨང་གཞིའི་ཞིབ་འཇུག་ཐད་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ། གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣའི་འཚར་ལོངས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གསར་གཏོད་ལ་སྐུལ་ལྕག་བྱེད་པ་དང་ཕམ་ཁར་བཟོད་སྒོམ་བྱེད་པའི་རྣམ་པ་བཟང་པོ་ཆགས་པ་བཅས་བྱ་དགོས་ཞེས་བསྟན་འདུག