རྨ་ཀླུང་སྔོན་མོས་མཚོ་སྔོན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྨ་ཀླུང་སྔོན་མོས་མཚོ་སྔོན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས། 

——《རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་གཏམ་རྒྱུད》ཅེས་པའི་མུ་འབྲེལ་གསར་འགྱུར་ལས་ཁག་ལྔ་པ།

གསར་འགོད་པ། ལྷ་ཆེན་རྒྱལ། ཁོན་ཐར་འཚོ། གཡང་སྐྱིད། ཡེ་ཤེས་སྒྲོལ་མ།

དཔྱིད་ཟླ་འབྲིང་བའི་དུས་སུ“རྨ་ཀླུང་སྔོན་མོ”ཞེས་པའི་ཡུལ་སྐོར་འཐབ་ཇུས་རི་མོ་དང་གདན་ཞུའི་ཡི་གེ་རེ་རེ་དྲ་རྒྱའི་ལམ་ནས་མཚོ་སྔོན་གྱི་རྨ་ཆུའི་རྒྱུད་ཀྱི་ས་ཁུལ་ནས་རྒྱལ་ཡོངས་སུ་བསྐུར།

“གཙང་གསུམ་མགོ་ཁུངས”མཚོ་སྔོན་དུ་ཡོད་ཅིང་། མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་བཞེས་ཡོད། གནས་འདིར། རྨ་ཀླུང་ཕྱུག་མོའི་རླབས་ཀྱི་རྩེ་མོ་མཁའ་ལ་འཕྱོ་བའི་རྔམ་བརྗིད་ཀྱི་སྣང་བརྙན་དེ་ཞི་འཇགས་སུ་གྱུར་ནས་དྭངས་གཙང་དང་བབ་ཆགས་ཀྱི་རྣམ་པ་ཞིག་མངོན་པར་གསལ།

གནམ་འོག་གི་རྨ་ཆུ་མཚོ་སྔོན་ཡུལ་དུ་དྭངས།

ཡུས་ཝང་འགག་ནི་རྨ་ཆུ་མཚོ་སྔོན་ནས་ཕྱིར་རྒྱུ་བའི་རྒྱུ་ལམ་གཙོ་བོ་ཡིན།

འགག་ཁ་རུ་རྒྱང་ལྟ་བྱས་ཚེ། རྨ་ཀླུང་སྔོན་མོ་ཀྱག་ཀྱོག་གིས་གྲོག་རོང་བརྒྱུད་ནས་ཤར་དུ་རྒྱུ་བཞིན་པ་མཐོང་ཐུབ།

མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཡུས་ཝང་འགག་གི་མཛེས་ལྗོངས།

གནམ་འོག་གི་རྨ་ཆུ་མཚོ་སྔོན་ཡུལ་དུ་དྭངས།

སྔོ་ལྗང་དེ་ནི་རྨ་ཆུ“སྲུང་མཁན”གྱིས་ཉིན་རྒྱུན་སྲུང་སྐྱོབ་བྱས་པ་ལས་ཐོབ་པའི་གྲུབ་འབྲས་རེད།

ལོ་ན77ལ་སོན་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་ཞ་ཁོའུ་སྡེ་བའི་སྡེ་མི་མ་ཅིན་ཚའེ་ཡིས་བཤད་རྒྱུར།“ང་རང་ཆུང་དུས་སུ་ཆུ་འདི་དྭངས་པོ་ཡིན། སྐབས་དེ་དུས་རྨ་ཆུའི་ངོགས་གཉིས་ཐང་རྒོད་དུ་ལུས་ཡོད། ངའི་བསམ་པར་རི་འདིའི་སྟེང་དུ་ལྗོན་ཤིང་འགའ་གཟུག་ཐུབ་ཚེ་ཉི་མ་འགོག་ཐུབ་པ་མ་ཟད། རྨ་ཆུའི་འགྲམ་ངོགས་སུ་སྔོ་ལྗང་ཅུང་སྣོན་ཐུབ་ན་ཅི་འདྲའི་དགའ་བ་ལ་ཨང་ཞེས་དྲན་མྱོང་།”

མཱ་ཅིན་ཚའེ་ཡིས་ལྗོན་ཤིང་གཟུག་པའི་བསམ་བློར་ནམ་ཡང་གཡོ་འགུལ་ཐེབས་མ་མྱོང་།1994ལོའི་དཔྱིད་ཀར། མཱ་ཅིན་ཚའེ་ཡིས་རང་ཁྱིམ་གྱི་སྒོ་རའི་ནང་ནས་ཁམ་བུའི་མྱུ་གུ་ཞིག་བརྐོས་ནས་ཚོད་ལྟའི་བསམ་ཚུལ་གྱིས་ཡུས་ཝང་འགག་གི་རི་ལྡེབས་ཤིག་ཏུ་བཙུགས། མཱ་ཅིན་ཚའེ་ཡི་གཅེས་སྐྱོང་འོག་ལོ་རྗེས་མའི་དཔྱིད་ཀར་ཁམ་དམར་གྱི་མེ་ཏོག་བཞད་པ་རེད།

སྡོང་རྐང་ཐོག་མ་དེ་གསོན་ཐུབ་པས་མཱ་ཅིན་ཚའེ་ཡི་སྡོང་འཛུགས་ཀྱི་ཆོད་སེམས་ལ་སྔར་ལས་གཞེན་སྐུལ་གྱི་ནུས་པ་ཐོན། འདི་ལྟར་མཱ་ཅིན་ཚའེ་ཡུས་ཝང་འགག་གི“སྡོང་འཛུགས་པ”རུ་གྱུར། ལོ་ངོ32རིང་། ཁོས་རྨ་ཆུའི་ངོགས་སུ་འོས་འགན་གྱིས་སྡོང་བོ་བཙུགས་ཏེ་རི་རྒོད་སྔོ་ལྗང་ཅན་དུ་བསྒྱུར། “ང་ཚོ་སོ་ནམ་པ་ཚོས་དང་ཐོག་ནས་ལྗོན་ཤིང་འགའ་གཟུག་འདོད་སྐྱེ། ལས་ཀ་ཚར་རྗེས་བསིལ་འོག་ནས་ངལ་གསོ་ཐུབ”ཅེས་མཱ་ཅིན་ཚའེ་ཡིས་བཤད།

སྡོང་འཛུགས་ནི་མི་གཅིག་གི་བྱ་བ་ཙམ་མ་ཡིན་པར། རྒན་པོ་ཁོང་གི་འོས་འགན་སྡོང་འཛུགས་བྱེད་པའི་གོ་རིམ་ཁྲོད། ས་གནས་སྲིད་གཞུང་གིས་སྦུག་འདྲེན་ལས་གྲྭ་རི་ལྡེབས་སུ་བཏིངས་ནས་ཏིང་ཞང་དང་སྲེའུ་ཧྭ་སོགས་ལྗོན་ཤིང་འབོར་ཆེན་བཙུགས། ཤེས་རྟོགས་བྱུང་བར་གཞིགས་ན།2016ལོ་ནས་བཟུང་། གཞོང་ཐང་རྫོང་གིས་ཁྱོན་བསྡོམས་སྔོ་སྒྱུར་སྤྱི་ཆིང་ཁྲི3.53ལེགས་འགྲུབ་བྱས་ཏེ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་ནུས་ལྡན་སྒོས་ཇེ་བརྟན་དུ་བཏང་། རྨང་གཞི་དེའི་ཐོག་གཞོང་ཐང་རྫོང་གིས་རང་འགུལ་སྒོས“དྭངས་གཙང་རྨ་ཆུའི”སྣོད་བཅུད་ཡུལ་སྐོར་ཁུལ་འཛུགས་སྐྲུན་ཁྲོད་ཞུགས་ནས་རྨ་ཆུའི་མཛེས་ལྗོངས་དེ་ཡུལ་སྐོར་པ་མང་པོ་ཞིག་གི་བློ་ཁར་ཕྱོགས་ཡོད།

སོ་གསོད་པའི་སྤང་ལྗོངས་སྟེང་གི་ནོར་ནག་དང་རྫི་བོ།

སྤྱི་ལེ650ལྷག་གི་ལམ་ཐག་བརྒྱུད་རྗེས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་དུ་ཡུལ་སྡེ་གཞན་གྱི་ཁྱིམ་ཚང1036གིས་གྲུབ་པའི་སྡེ་བ་ཞིག་མཐོང་ཐུབ། ཁོ་ཚོ་གནས་འདིར་སླེབས་པའི་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད་པ་ནི་གཙང་པོའི་མགོ་ཁུངས་ལ་སྲུང་སྐྱོབ་བྱས་ཏེ་དབུལ་ཐར་འགག་སྒྲོལ་བྱེད་རྒྱུ་དེའོ། །

རྨ་སྟོད་ཀྱི་འབྲོག་པ་མང་ཆེ་བ་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གཙང་པོའི་མགོ་ཁུངས་སུ་ཁ་ཐོར་དུ་གནས་ཡོད།2016ལོར། ས་གནས་དེ་གའི་སྲིད་གཞུང་གིས་མཚོ་སྐྱ་རེངས་ཡུལ་ཚོ་དང་། རྨ་ཆུ་ཡུལ་ཚོ། རྨ་ཕྲ་ལི་གྲོང་རྡལ་བཅས་ཀྱི་སྡེ་བ22ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ1036གནས་སྤོ་དང་གཅིག་སྡུད་བཀོད་སྒྲིག་བྱེད་རྒྱུ་གཏན་འབེབས་བྱས།

དགའ་ལྡན་སྡེ་བ།

དགའ་ལྡན་སྡེ་བར་ད་ལྟ་གྲལ་སྒྲིག་པའི་བོད་བཟོའི་ཁང་ཁྱིམ་དང་ཨར་འདམ་གྱི་ལམ་གང་སར་བསྐྲུན་ཡོད་པ་དང་། གློག་དང་དྲ་རྒྱ། རང་འབབ་ཆུ་སོགས་ཁྱིམ་ཚང་རེ་རེར་འཐེན་ཡོད། སྡེ་མི་རྣམས་རྩྭ་ཆུ་དེད་ནས་འཚོ་སྡོད་བྱེད་མི་དགོས་པར། རྫོང་མཁར་དང་ཐག་ཉེ་སར་སྟབས་བདེའི་ཚོང་ཁང་གཉེར་བཞིན་ཡོད་མ་ཟད། གསར་བུ་ལོ་ཆུང་ཚོས་སྐྱེ་ཁམས་དོ་དམ་པ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་ལ་འབད་བཞིན་ཡོད།

གཙང་པོའི་མགོ་ཁུངས་སྲུང་སྐྱོབ་བྱེད་པར་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

ཟི་ལིང་གི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ། རྒྱང་རིང་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་ནང་དུ་ལམ་ཐག་སྤྱི་ལེ560ལྷག་ཙམ་ཡོད་པའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་མཐའ་འཁོར་གྱི་གནས་ཚུལ་དུས་ཐོག་ཏུ་མཐོང་ཐུབ་པ་དང་།བརྙན་མིག་ཐག་ཉེ་སར་འཐེན་ན་མཚོ་འགྲམ་གྱི་ཆུ་བྱས་ཁ་ཟས་འཚོལ་བཞིན་པའང་གསལ་པོ་མཐོང་ཐུབ།

མཚོ་སྔོ་རེངས།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཏང་ཙུའི་ཧྲུའུ་ཅི་ཏུང་ཡུས་དབྱིས་ཀྱིས་བཤད་རྒྱུར། ཞིབ་ཚགས་ཅན་གྱི་དོ་དམ་སྲུང་སྐྱོབ་བྱ་ཆེད།མཚོ་སྔོན་གྱིས་མི་ཤུགས་དང་དངོས་ཤུགས་བཏང་ནས“ས་གནམ་གཞི་གཅིག་ཅན”གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་དྲ་རྒྱ་བསྐྲུན་པ་དང་། ལྟ་ཞིབ་ཚད་ལེན་ས་ཚིགས་སྟོང་ཕྲག་ལྷག་ཙམ་དང་དམར་ཕྱིའི་པར་ཆས་མཐོ་སྒང་དུ་བཙུགས་ནས་དོ་དམ་སྲུང་སྐྱོབ་པ་ཁྲི14.5ལྷག་ཙམ་གྱིས་ཉིན་ལྟར་སྐོར་སྲུང་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

ད་ཆ་མཚོ་སྔོན་དུ་རྒྱུ་བའི་རྨ་ཆུའི་ཆུ་ཡི་སྤུས་ཚད་རིགསཔའི་ཡན་བརྟན་འཁྱོངས་བྱས་ཡོད་པ་དང་། ས་ངོས་ཆུ35ཡི་རྒྱལ་ཞིབ་ཚད་གཞི་བསྟུད་མར་ལོ་ལྔ་ལ100%ཟིན་ཡོད། 

མཐོ་སྒང་གི་འཕེལ་རྒྱས“གསར་པའི”ཕྱོགས་སུ་བསྐྱོད།

“རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོབ་ལ་མི་ཕན་པའི་བྱ་བ་གཏན་ནས་སྒྲུབ་མི་རུང”། དེས་ན་མཚོ་སྔོན་གྱི་འཕེལ་རྒྱས་ཇི་ལྟར་བསྒྲུབ་དགོས་སམ།

དྲིས་ལན“རྨ་ཀླུང་སྔོན་མོའི”ཁྲོད་དུ་ཡོད།

 འོད་ཤུགས་པང་ལེབ་འོག་ཏུ་རྩྭ་ཟ་བཞིན་བག་ཡངས་ཀྱིས་རྒྱུ་བའི་ལུག་ཁྱུ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་བཏུལ་ཐང་དུ་འོད་ཤུགས་པང་ལེབ་ཁྲི་ཕྲག་ལྷག་རིམ་བཞིན་བཏིངས་ནས། གོ་ལ་ཧྲིལ་པོའི་སྒྲིག་སྦྱོར་འཕྲུལ་འཁོར་གློག་འདོན་ཚད་ཆེས་ཆེ་བའི་འོད་ཤུགས་གློག་འདོན་གླིང་ཁུལ་བསྐྲུན་པ་རེད།

དེར་བརྟེན། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས22ལ་ལྗང་མདོག་གློག་འདོན་བཞིན་ཡོད་ཅིང་། ད་ཆ་མཚོ་སྔོན་གྱིས་ལྗང་མདོག་གློག་ཕྱིར་གཏོང་བགྲོད་ལམ་གཉིས་པ་དང་གསུམ་པ་འཆར་འགོད་བྱས་ནས་བསྐྲུན་འཆར་ཡོད།

བཏུལ་ཐང་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། མཚོ་སྔོན་པོ་དང་བར་ཐག་སྤྱི་ལེ60ཙམ་ཡོད། དུས་རབས20པའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་ནང་རྨ་ཆུའི་སྟོད་རྒྱུད་ནི་བྱེ་རླུང་གི་གནོད་འཚེ་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན་པས། ལོ་རེར་ཟླ་བ་གཉིས་ཙམ་གྱི་དུས་ཡུན་ནང་རིམ་པ8ཡན་གྱི་རླུང་ཆེན་ལྡང་བ་དང་། བྱེ་ཟེགས་ཀྱིས་ལོ་རེར་སྨི་བཅུ་ལྷག་གི་འགྲོས་ཚད་ཀྱིས་ས་ཞིང་དང་རྩྭ་ཐང་ཁྱུར་མིད་བྱེད་བཞིན་ཡོད།

ད་ལྟའི་བཏུལ་ཐང་ནི་སྣང་ཚུལ་གཞན་ཞིག་ཡིན་ཏེ། འོད་ཤུགས་པང་ལེབ་འོག་ཏུ་ལོ་རེར་སྔོ་རིགས་གསར་པ་སྐྱེས་བཞིན་ཡོད། སྔོ་ལྗང་གི་གསོམ་ཤིང་དང་སྦྱར་སྡོང་གཞུང་ལམ་གྱི་གཞོགས་གཉིས་སུ་ཁེབས་ཡོད།

འོད་ཤུགས་གློག་གཏོང་།

འོད་ཤུགས་པང་ལེབ་ལས་གྲུབ་པའི་དངོས་ལུགས་འགོག་སྲུང་གིས་རླུང་འགྲོས་ཇེ་དལ་དང་ས་ངོས་ཆུའི་རླངས་འགྱུར་ཚད་ཇེ་ཉུང་དུ་བཏང་། གལ་ཏེ་ཁྱེད་རང་དབྱར་ཁར་བཏུལ་ཐང་གི་འོད་ཤུགས་གླིང་ཁུལ་དུ་སོང་ཚེ། འོད་ཤུགས་པང་ལེབ་འོག་གི་ས་རྒྱུ་མང་ཆེ་བ་རྩྭ་ལྗང་གིས་ཁེབས་ཡོད་པ་དང་། རླུང་བུ་འོད་ཤུགས་པང་ལེབ་ཀྱི་བར་གསེབ་ནས་ལྡང་ཚེ། སྔོན་ཆད་ཀྱི་བྱེ་ཟེགས་མེད་པར་རྩྭ་ལྗང་གི་དྲི་ཞིམ་དེ་འཐུལ་ཡོང་།

རྩྭ་ནི་ལོ་རེར་བྱེ་རླུང་གིས་བསླད་སྐྱོན་ཐེབས་པའི་བཏུལ་ཐང་ས་ཆར་མཚོན་ན་བྱེ་ཐང་གི་ཆུ་ལྟར་དུ་རྩ་ཆེ། ཁོར་ཡུག་ཇེ་ལེགས་སུ་སོང་རྗེས།བཏུལ་ཐང་དུ་རྩྭ་སྐྱེས་པ་ཇེ་མཐུག་ནས་ཇེ་མཐུག་ཡིན་ལ། པུས་མོ་ལས་བརྒལ་བའི་རྩྭ་ཡིས་འོད་ཤུགས་པང་ལེབ་སྟེང་དུ་ཉི་འོད་འཕྲོ་བ་བཀག་ནས་གློག་འདོན་པར་ཤུགས་རྐྱེན་ཐེབས་པ་དང་། སྟོན་དུས་དང་དགུན་ཁར་རྩྭ་སྐམ་པོར་ད་དུང་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་སྦས་ཡོད། སྔོན་ཆད་ཁོར་ཡུག་ཞན་པའི་དབང་གིས་འབྲོག་པ་མང་བོ་ཕ་ཡུལ་དང་ཁ་བྲལ་མོད། ད་ལྟ་དེ་ལས་ལྡོག་སྟེ་ཕྱིར་ལོག་ནས་ཕྱུགས་འཚོ་བཞིན་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བཏུལ་ཐང་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་གི་འོད་ཤུགས་གློག་འདོན་ས་ཚིགས།

རྨ་ཆུ་སྲུང་སྐྱོབ་བྱེད་པ་ནི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་ལས་ཤིག་མ་ཡིན་པར་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ལེགས་སྒོས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཡིན།

བཏུལ་ཐང་ནས་སྤྱི་ལེ50ཡི་ལམ་ཐག་ཡོད་པའི་སར“ལེ་དབར་ཁྲི་ཡི་རྨ་ཆུའི་ཆུ་རགས་དང་པོ”སྟེ་ཚལ་རྔ་འགག་ཆུ་གློག་ས་ཚིགས་ཡོད། ཚལ་རྔ་འགག་གི་ཆུ་རགས་ཀྱི་མཐོ་ཚད་ལ་སྨི178ཡོད་ཅིང་། འཛུགས་སྐྲུན་པ་ཁྲི5ལྷག་གིས་སྐྱིན་ཐང་རྒོད་པའི་མཐོ་སྒང་འདི་རུ་ཇུས་འགོད་དང་བཟོ་སྐྲུན། འཛུགས་སྐྲུན་གྱི་ལས་ལ་གཞོལ་ཏེ་ལྗིད་ཏིག་ཏིག་གི་གྲུབ་འབྲས་འདི་ལྟ་བུ་ཞིག་བྱུང་། ཁོ་ཚོའི་རྔུལ་ཆུ་གྲོག་རོང་ལ་འཐིགས་ནས་ད་ལྟ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད་ཅིང་ཁོ་ཚོའི་བརྟན་སྲུང་གི་འདུ་ཤེས་དེ་རགས་ཆེན་སྟེང་བརྐོས་ནས་མི་རབས་ནས་མི་རབས་བར་དུས་བདེ་ཞོད་འཇགས་དང་སེམས་བདེ་བག་ཕེབས་སུ་གྱུར་འདུག

མཚོ་སྔོན་ཚལ་རྔ་འགག་སྒྱུ་རྩལ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལི་རུའུ་དབྱི་ཡིས་བཤད་རྒྱུར། དྭངས་གཙང་གི་རྨ་ཆུས་ཚལ་རྔ་འགག་ལ་འབྲུབ་འགོག་དང་གློག་སྩལ་བ་མ་ཟད། ད་དུང་སྐད་གྲགས་ཆོད་པའི་གཙང་པོའི་མགོ་ཁུངས་ཀྱི་ལྗོངས་ཁུལ་ཞིག་ཀྱང་བསྩལ་བྱུང་ཟེར།

ཚལ་རྔ་འགག་གི་ཟུར་ཞིག

2012ལོར་ཀུང་སི་དེ་གས་རྨ་ཀླུང་སྔོན་མོ་དང་གཡང་གཟར་གྱི་གྲོག་རོང་ལ་བརྟེན་ནས་དེ་གར་སྣོད་བཅུད་ཡུལ་སྐོར་སྤྲོ་གསེང་གི་ལྗོངས་ཁུལ་ཞིག་བསྐྲུན། 

རྐང་ལམ་བརྒྱུད་དེ་མར་རྨ་ཆུར་བལྟས་ཚེ། གཡང་ཊི་ཞིག་ཀྱག་ཀྱོག་གིས་གྲོག་རོང་དུ་གནས་པ་དང་ཀུན་ནས་མཚུངས། མགོ་བོ་ཡར་བཀྱགས་ཚེ། ཡུལ་སྐོར་པས་བྲག་ལྡེབས་སུ་རྒྱུ་བའི་གནའ་བ་དང་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་པའི་རྒོད་པོ་དང་དཔུང་བ་མཉམ་གཤིབ་བྱེད་ཐུབ་པའི་སྣང་བ་སྟེར།

2025ལོར་ཚལ་རྔ་འགག་གིས་ལོ་ཧྲིལ་པོར་ཡུལ་སྐོར་པ་ཁྲི25ཙམ་སྣེ་ལེན་བྱས་ཡོད”གཙང་ཆབ་སྔོན་མོ་དེ་སྲུང་སྐྱོབ་ཐུབ་ཚེ་གཟོད་ཕྱོགས་བཞིའི་མགྲོན་པོ་རྒྱུན་མི་ཆད་པར་བསླེབ་ངེས།

ཚལ་རྔ་ཀྲི་ཞན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅུན་ལི་གཞོན་པ་དབྱང་ཤིས་ཀྱིས་དྭངས་ཤིང་གཙང་བའི་རྨ་ཆུས་ཆུ་འཁྱག་ཉ་གསོས།ཚལ་རྔ་འགག་ཆུ་མཛོད་ཀྱི་ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ12ཡས་མས་ཟིན་པ་དང་། སྨི5མན་གྱི་ཆུ་ཕྱི་གསལ་ནང་གསལ་གྱིས་མཐོང་ཐུབ་པས་མཐོ་སྒང་གི་ཆུ་འཁྱག་ཉ་འཕེལ་བར་འཚམ། ཚལ་རྔའི་ཉ་ལས(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིས2008ལོ་ནས་བཟུང་དེ་གར་མ་དངུལ་བཏང་ནས་གཞི་རྒྱ་ཅན་གྱི་ཉ་རིགས་གསོ་སྤེལ་བྱེད་བཞིན་ཡོད་ཟེར།

ཚལ་རྔ་ཉ་ལས་མ་རྐང་ཚད་ཀུང་ཟིའི་ལས་བཟོ་པ་ལས་ལ་བྲེལ་བཞིན་པའི་ཚུལ།

“ཆུ་གཙང་ན་ད་གཟོད་ཉ་བཟང་པོ་གསོ་སྤེལ་བྱེད་ཐུབ།” ད་ཆ་ཚལ་རྔ་འགག་གི་ཉ་ནི་མཚོ་སྔོན་གྱི་སྤུས་རྟགས་ཤིག་ཡིན་པ་མ་ཟད། ཀྲུང་གོའི་སྤུས་རྟགས་ཤིག་ཀྱང་རེད།

“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱས་པ་ལས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གྱུར།

རྨ་ཀླུང་སྔོན་མོས་ངོགས་གཉིས་ལ་ཁེ་ཕན་བསྐྲུན།

སྲོད་ཀྱི་བསིལ་རླུང་དལ་གྱིས་ལྡང་ནས་རྨ་ཆུའི་ངོགས་སུ་ལི་ཤིང་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་བདེ་སྐྱིད་སྡེ་བ་རྨ་ཆུའི་འགྲམ་ངོགས་སུ་ཆགས་ཡོད་ཅིང་། སྔོན་ཆད་གནས་འདིའི་མིས་མདུན་རི་ས་དང་རྒྱབ་རི་གནམ་ལ་གཏད་པའམ་ཡང་ན་རྩྭ་ཆུ་དེད་ནས་འཚོ་སྡོད་བྱས། ད་ལྟ་ཁོ་ཚོ་སྐྱས་སྤོར་བྱས་ཏེ་དབུལ་ཐར་བྱུང་བ་དང་། ཁྱིམ་གྱི་སྒོ་འགྲམ་དུ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཚོལ་བཞིན་ཡོད། བདེ་སྐྱེད་གྲོང་ཚོའི་ཡུལ་མི་ཚོའི་རེ་བ་ནི་ཡུལ་སྐོར་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་ཐུབ་པ་མ་ཟད། ད་དུང་གྲོང་ཚོ་གསར་པའི་སྟབས་བདེ་ལོངས་སུ་སྤྱོད་པ་དང་། ལྷག་པར་བདེ་སྐྱིད་གྲོང་ཚོ་རུ་བདེ་སྐྱིད་ཚོར་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད།

གཅན་ཚ་རྫོང་ཁོངས་སུ་བརྒྱུད་པའི་རྨ་ཆུ།

སྤྱི་ལེ་གྲུ་བཞི་མ6ཡོད་པའི་ཆུ་ངོས་ཀྱི་ཐོན་ཁུངས་ལ་བརྟེན་ནས། བདེ་སྐྱིད་གྲོང་ཚོས་བྱེ་མའི་ཐང་ཆེན་དང་། ཆུ་ཡི་དགའ་ཚལ། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་བཟོས་ཡོད་པ་དེར། སྔ་རྗེས་སུ་ཀྲུང་གོའི་མཛེས་སྡུག་གི་སྤྲོ་གསེང་གྲོང་གསེབ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ། རྒྱལ་ཁབ་ཀྱི་རིམ་པAAAཡི་ལྗོངས་ཁུལ་གྱི་སྙན་བཟང་ཐོབ་ཏེ། སྙན་གྲགས་ཕྱོགས་བཞིར་ཁྱབ་པའི“དྲ་གྲགས”ཡུལ་སྐོར་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བདེ་སྐྱིད་སྡེ་བ་ཁྱོན་དུད་ཚང251དང་སྡེ་མི946ཡོད་ཅིང་། དབུལ་སྐྱོར་བྱས་པའི་འཕོ་བསྐྱས་སྡེ་བ་ཞིག་ཡིན། འབྲོག་ཁུལ་ནས་ཁ་བྲལ་རྗེས་སྡེ་མིས་རྨ་ཆུའི་ངོགས་སུ་རོང་ཁྱིམ་སྤྲོ་སྐྱིད་ཁང་དང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་སོགས་གྲོང་ཚོའི་ཐོན་ལས་གསར་པར་གཉེར་པ་དང་། 2025ལོར། སྡེ་བ་ཡོངས་ནས་ཡུལ་སྐོར་པ་ཁྲི28སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི740ལྷག་ཡོད།

དྭངས་གཙང་གི་རྨ་ཀླུང་ཕྱུག་མོས་བདེ་སྐྱིད་གྲོང་ཚོ་ཁོ་ནར་བཅུད་ཀྱིས་གཏམས་པ་ཞིག་ག་ལ་ཡིན། ཡ་རྫི་རྫོང་གི་རྨ་ཆུའི་འགྲམ་ངོགས་སུའང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ས་ལར་ཟ་ཁང་མང་པོ་གཉེར་བཞིན་པ་དང་། ཡུལ་སྐོར་པའི་གསོལ་ཅོག་སྟེང་ཟས་སྣ་ཅི་རིགས་བཤམས་ནས་ཁྱད་ཆོས་ལྡན་པའི་ས་ལར་གྱི་གསོལ་སྟོན་ལ་རོལ་བཞིན་བདོག

རྨ་ཀླུང་སྔོན་མོ།

“རྨ་ཀླུང་སྔོན་མོ་གནས་འདིའི་སྐད་གྲགས་ཆོད་པའི་མཛེས་ལྗོངས་གི་མིང་བྱང་དུ་གྱུར་ཡོད”། ཡ་རྫི་རྫོང་དབྱི་ལུང་སྣོད་བཅུད་གླིང་གི་འགན་འཛིན་པ་ཧན་ཁྲང་གིས་བཤད་རྒྱུར“དེ་སྔ་ནང་ལོག་ཏུ་ཞོར་ལས་ལ་འགྲོ་དགོས། ད་ལྟ་རང་ཡུལ་ནས་ཡོང་འབབ་བཙལ་ཆོག”ཟེར།

འདི་ནི་ཀྱག་ཀྱོག་གིས་རྒྱུ་བའི་མཚོ་སྔོན་གྱི“རྨ་ཀླུང་སྔོན་མོ”སྟེ། འབྱམས་ཀླས་པའི་མཐོ་སྒང་གི་ས་ཆེན་བཅུད་ཀྱིས་གཏམས་ཤིང་། རྨ་ཆུའི་མགོ་ཁུངས་ཀྱི་འབྲི་མར་ནས་རྨ་ཆུའི་སྟོད་རྒྱུད་ངོགས་ཀྱི་ཁྱད་ལྡན་ཐུག་པའི་བར་ལ་འཐེན་པའི་འཕེལ་རྒྱས་ཀྱི་བཞུད་ལམ་རིང་མོ་ཞིག སའི་ཁ་ཞེང་ཆེ་ཞིང་ལུང་པའི་ཕུ་ཐག་རིང་བའི་འབྲོག་སའི་ལ་གླུ་སྙན་མོ་ནས་གྲོག་རོང་ངོགས་ཀྱི་ཚོང་པའི་བར་འཐེན་པའི་ཚོང་ལམ་རིང་མོ་ཞིག ལོ་ངོ་སྟོང་ཕྲག་དུ་མའི་རིང་རྒྱུ་བའི་རྨ་ཀླུང་ཕྱུག་མོས་རིགས་སོ་སོའི་མི་དམངས་དང་མཉམ་དུ་འཕེལ་རྒྱས་ཀྱི“མཉམ་གཞས”དཀྲོལ་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།