རྨ་ཆུའི་འགྲམ་གྱི་བདེ་སྐྱིད་སྡེ་བས་རང་ཁྱིམ་གྱི་སྒོ་ཁར་ཡུལ་སྐོར་གྱི་ཟ་མ་ཟོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གྱི་རྨ་ཆུའི་ཁུགས་སོ་རེ་ན་འཚོ་བ་ཡར་ངོ་བཞིན་འཕེལ་བའི་གསང་བ་རེ་སྦྲུམ་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་བདེ་སྐྱིད་སྡེ་བ་ནི་ཏག་ཏག་རྨ་ཆུའི་ཁུགས་སོར་ཉར་བའི་གསང་བ་དེར་བརྟེན་ནས་གཉོམ་ལག་རྒྱས་པའི་སྡེ་བ་ཞིག་རེད། 

སྔོན་ཆད་བདེ་སྐྱིད་སྡེ་བ་ནི་རི་མཐོ་ཞིང་གཟར་ལ། གྲོག་རོང་མང་པ། གྲང་ངར་ཆེ་ལ་ས་རྒྱུ་ཞན་པ། གནམ་རྒན་མ་ཁོ་ནར་བརྟེན་ནས་འཚོ་བ་རོལ་དགོས་པའི་རི་སྡེ་ཞིག་ཡིན་པས། སྡེ་བ་སྤྱིའི་འཚོ་བའི་འཁོས་ཀ་ཧ་ཅང་ཞན། 2017ལོར་གཅན་ཚ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ7གྱི་སྲིད་འཛིན་སྡེ་བ30ཡི་དུད་ཚང251དང་སྡེ་མི946བཅས་སྲིད་ཇུས་ཀྱི་བཀོད་སྒྲིག་འོག་རི་གཤམ་གྱི་རྨ་ཆུའི་འགྲམ་ན་ཡོད་པའི་བདེ་སྐྱིད་སྡེ་བར་གནས་སྤར་རྒྱུ་མོས་འཐད་བྱུང་།
  རྨ་ཆུ་ནི་ཡུལ་འདིར་འབབ་དུས་དར་སྔོན་ཡུག་གཅིག་དང་འདྲ་བར་ཏན་ཞ་ས་གཤིས་ཀྱི་རི་ཕྲེང་ལ་དཀྱུས་གཅིག་བརྒྱབ་ཏེ། ཡངས་པའི་གཞོང་ལ་ག་ལེར་ཕྱག་སོར་རྐྱོང་བཞིན་འབབ་ཞིང་། ངོགས་ཀྱི་གསེར་ཕྱེ་སྤུངས་འདྲའི་རི་ཡི་མུ་ཁྱུད་ཀྱིས་ཕྲེང་བསྒྲིགས་ནས་ཉམས་འགྱུར་སྟོང་གིས་ཆུ་ལ་གཟུགས་བརྙན་འགྲན་པའི་ཚུལ་གྱིས་འགྱིང་བ་ནི་ཅི་འདྲའི་ཡིད་དུ་འོང་།  སྐྱི་བསེར་རླུང་བུས་བདེ་སྐྱིད་སྡེ་བའི་རི་ཆུ་དལ་གྱིས་སྐྱོམས་དུས།  གནས་སྤོ་སྡེ་བ་ཡང་ད་ལྟ་ཀུན་གྱིས་བསྟོད་རའི་མཐེ་བོང་བསྒྲེངས་སའི་ཡུལ་ཅན་དུ་གྱུར་ནས་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་དམིགས་ས་ཉག་ཅིག་ཏུ་གྱུར་བའི་མཚན་སྙན་བསྒྲོན།
  སྐྱེ་ཁམས་ཀྱི་མི་མངོན་ནུས་ཤུགས་ཅི་དགར་སྔོག་འདོན་བྱེད་པའི་འཕེལ་རྒྱས་ཀྱི་རླབས་རྒྱུན་དྲག་ཏུ་འཕྱོ་བའི་དུས་ཀྱི་དཀྱོགས་མཚམས་འདིར། རྨ་ཆུའི་སྐྱེ་ཁམས་ཀྱི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས་ཆུ་ཀླུང་སྔོན་མོར་གསེར་རིས་བརྒྱན་པའི་རྨི་ལམ་དེ་རབ་རྟོག་དང་རིང་དུ་བྲལ་ཏེ་གཟུགས་ཅན་བཞིན་མིག་མདུན་གསལ་ལེར་མངོན།

 ད་ལོའི་ཟླ5པར། སྡེ་བ་ཆུང་ཆུང་དེས་ཉིན་གཅིག་ལ་ཡུལ་སྐོར་པ་ཁྲི4ལས་བརྒལ་བར་སྣེ་ལེན་བྱས་ལ། ཚུལ་དེ་ཕྱོགས་བཞིའི་ཡུལ་སྐོར་པ་རྣམས་རྨ་ཆུའི་འབབ་རྒྱུན་དེད་དེ་གནས་འདིར་ཕེབས་ཤིང་། དགོད་སྒྲ་དང་བག་ཕེབས་ཀྱི་འཚོ་བ་གནས་འདིའི་སྐྱེས་སུ་བཞག་ནས་སྔོ་ཞིང་དྭངས་པའི་རི་ཆུ་ཡང་སེམས་དང་བརྩེ་བའི་ཕྱུག་པའི་གསེར་རི་དང་དངུལ་རིར་བསྒྱུར་བ་ལས་ཀྱང་ཤེས་འོང་། ད་ལྟ་བདེ་སྐྱིད་སྡེ་བའི་གྲོང་མི280ཡིས་ལྗོངས་ཁུལ་དུ་ལས་ཀ་བྱེད་བཞིན་ཡོད་ཅིང་། ཞིང་ཁྱིམ་སྤྲོ་སྐྱིད་གླིང་རེ་རེ་ནི་སྒོ་ཕྱེ་ན་སྐུ་མགྲོན་འདུ་ས་དང་། སྒོ་གཏན་ན་ཁྱིམ་མི་འཛོམས་ས་རུ་གྱུར་ནས་མཛེས་ཤིང་ལྟ་ན་སྡུག་པའི་རི་ཆུ་དང་མཉམ་དུ་བབ་ཆགས་ཀྱི་འཚོ་བ་ཞིག་ངང་གིས་རོལ་བཞིན་ཡོད།
   ཞིང་ཁྱིམ་སྤྲོ་སྐྱིད་གླིང་གཉེར་མཁན་རྟ་བྷ། 
  
 ཟླ5ཚེས14ཉིན་གྱི་སྔ་དྲོར། རྟ་བྷས་ཁོམ་ལོང་གི་བར་གསེང་ནས་ཁང་རྒྱན་བཟོ་བའི་ཀུང་སི་ཞིག་ལ་ལམ་སེང་འབྲེལ་བ་བྱས་ཏེ། ཉིན་འདི་གཉིས་ལ་མགྲོན་པོ་མང་པོ་མེད་པའི་སྐབས་དང་བསྟུན་ནས་སྤྲོ་སྐྱིད་གླིང་གི་ཐོག་སོ་གཉིས་པའི་ཁང་ཀླད་ཀྱི་འགྱིག་ཁེབས་དེ་ཚ་འགོག་པང་ལེབ་ལ་བརྗེ་དགོས་པས།  གལ་ཏེ་དུས་ཡུན་འགྱང་ན་དབྱར་གྱི་ཚ་གདུག་གིས་སྡོད་ཐབས་མེད་པ་ཞིག་ཡོང་ངེས་ཞེས་ཕ་རོལ་པོར་དེ་ལྟར་བཤད།
   ཐོག་སོ་གཉིས་པ་ལས་ཕར་ལ་བལྟས་ན་དལ་གྱིས་འབབ་པའི་རྨ་ཀླུང་སྔོན་མོ་པང་དུ་བླངས་འདུག རྟ་བྷས་འདི་སྐད། ད་ལོའི་ལྔ་གཅིག་གི་གུང་གསེང་སྐབས་ལ། ཡུལ་སྐོར་ཡོང་མཁན་མང་བའི་རྐྱེན་གྱིས་ཏག་ཏག་ཉིན་ལྔ་ཙམ་གྱི་ནང་དུ་སྒོར་ཁྲི1ལྷག་རག་ཐུབ་བྱུང་། ཚོང་འདི་འདྲའི་བཟང་བ་སེམས་ལ་ཡང་ཤར་མ་མྱོང་ཟེར། བཤད་རྒྱུན་ཞིག་ལ་ས་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་མི་སྡེ་གསོ་ཟེར་ཡང་།  རྟ་བྷའི་སྔོན་ཆད་ཀྱི་ཕ་ས་ལྟ་བུ་ནི་ས་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་སྡེ་གསོ་ཐབས་དཀའ་བའི་གནས་ཤིག་ཡིན། དེ་ནི་གཅན་ཚ་རྫོང་གི་མར་ཁུ་ཐང་གྲོང་རྡལ་ལི་ཅ་སྡེ་བ་སྟེ་ལོ་ན48ལ་སོན་པའི་རྟ་བྷོའི་ཕ་ས་རེད། 
  སྡེ་བ་དེ་ས་རྒྱུ་ཞན་པའི་གདོང་ཁ་ཞིག་ཏུ་ཆགས་ཤིང་། ས་མུའུ་འགའི་ས་ཞིང་ཡོད་ན་ཡང་བཟའ་མི་གང་བོའི་ལྟོ་རྒྱབ་གསོ་ཐུབ་ཙམ་ལས་མེད།རྟ་བྷོ་ལ་མཚོན་ན་ལག་ཤེས་རིགས་གཅིག་ཀྱང་མི་ཤེས་པས་ཞོར་ལས་ནི་སྙེག་ས་ཉག་ཅིག་ཏུ་གྱུར་ན་ཡང་། རྫོང་མཁར་དང་ཁད་ཐག་རིང་ཞིང་། འགྲིམ་འགྲུལ་མི་བདེ་བ། ལས་ཀ་བཙལ་ཡང་ཧ་ཅང་རྙེད་དཀའ་བ་སོགས་རྐྱེན་མང་པོ་ཞིག་གིས་ཡུན་རིང་བོར་འཚོ་བ་ངན་ངོན་གྱི་ངང་ནས་མི་སྐྱེལ་ཐབས་མེད་བྱུང་། 2017ལོར་རྟ་བྷ་དང་སྡེ་བའི་དུད་ཚང8གྱི་མང་ཚོགས་ཀྱིས་ཡུལ་གཞན་གནས་སྤོ་ཡི་སྲིད་ཇུས་དང་དུ་བླངས་ཏེ། རྫོང་མཁར་དང་ལེ་དབར་དགུ་ལས་མེད་པའི་སྣང་ར་ཡུལ་ཚོའི་བདེ་སྐྱིད་སྡེ་བར་སྤར།   

གནས་ཅི་ལ་མི་སྤོ། རང་གིས་སྒོར་ཁྲི་གཅིག་སྤྲད་ན་སྨི་གྲུ་བཞི་མ་བརྒྱད་ཅུ་ཅན་གྱི་ཁང་པ་གསར་པ་ཞིག་དབང་ཐུབ་པར་མ་ཟད། དེ་གྲོང་ཁྱེར་ནང་གི་ཐོག་བརྩེགས་ཁང་པ་དང་མི་འདྲ་བར་ར་སྐོར་རེ་ཡོད་ལ།  ལྕགས་རི་ཡང་གཞུང་ནས་བརྩིགས་ཡོད་ཟེར།  ཡུལ་གཞན་དུ་གནས་སྤོ་བའི་སྲིད་ཇུས་དང་ཐོག་བསྒྲགས་ཡོང་དུས།  ཚང་མས་དེ་ལ་རྒྱང་ལྟ་བྱས་ནས་བསྡད་བྱུང་། རྟ་བྷ་ནི་ཐེ་ཚོམ་ཅི་ཡང་མེད་པར་མིང་ཐོ་འགོད་མཁན་གྱི་མི་ཐོག་མ་དེ་ཡིན།  མི་སྤོས་ན་གསོན།  ཤིང་སྤོས་ན་སྐམ་ཞེས་པའི་དཔེ་ལྟར་གནས་སྤོས་ཚེ་འདི་ལས་སྡུག་པོ་ཆགས་མི་ཡོང་སྙམ།

2018ལོར་རྟ་བྷ་ཁྱིམ་མི་གང་བོ་ཁང་པ་གསར་པར་སྤར་ཞིང་། ཁང་པ་དེ་སྡེ་བའི་ཐང་ཆེན་གྱི་ཉེ་སར་ཡོད། སྒོ་ཁའི་རྒྱ་ལམ་བརྒལ་ན་རྨ་ཆུའི་འགྲམ་ཡིན་ལ། ས་དེར་ཁོས་ཚོང་ཁང་ཆུང་ཆུང་ཞིག་ཀྱང་གཉེར། ཏག་ཏག་ལོ་དེར་རྫོང་གིས་བདེ་སྐྱིད་སྡེ་བ་ཞིང་གྲོང་ཡུལ་སྐོར་དཔེ་སྟོན་ས་ཚིགས་སུ་བསྒྱུར་རྒྱུ་ཐག་བཅད་དེ། སྡེ་མི་རྣམས་ལ་རང་ཁྱིམ་དུ་སྤྲོ་སྐྱིད་གླིང་འཛུགས་འདོད་ཡོད་ན་དུད་ཚང་རེ་ནས་སྒོར་ཁྲི2གཏོང་དགོས་པ་དང་། རྫོང་ནས་སྒོར་ཁྲི4ཡི་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་སྲིད་ཇུས་བསྒྲགས་པ་ན། རྟ་བྷ་ཡིས་ཐོག་མར་མིང་ཐོ་བཀོད་དེ། ཁྱིམ་དུ་ཁང་པ་གྱན་གསུམ་ལས་པ་དང་། དེའི་རྟིང་ཁང་པ་གྱན་བཞི་བསྣན་ནས་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གཉེར་བ་དང་། འཚོ་བ་ཡང་རིམ་བཞིན་དབྱར་མཚོ་བཞིན་རྒྱས།
  ངེད་ཚང་རྨ་ཆུ་དང་ཧ་ཅང་ཐག་ཉེ་ས་ན་ཡོད། གནས་འདི་མི་འཁོར་ས་ཞིག་ཡིན་པས་གཉེར་ཤེས་ན་ཡག་པོ་འཁྱོངས་ངེས་ཞེས་འཚོ་བ་ལ་ཡིད་ཆེས་ཀྱིས་བརྟས་ཏེ་དེ་ལྟར་བཤད།  ཏག་ཏག་ལོ་དེར་རྟ་བྷ་ཚང་གིས་དབུལ་བོའི་ཞྭ་མོ་ཕུད།
  2018ལོ་ནས་ད་བར་དུ། རྟ་བྷའི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གིས་ལོ་རེའི་ཟླ་བཞི་པའི་ཟླ་དཀྱིལ་ནས་བཟུང་གཉེར་སྐྱོང་གི་མགོ་བརྩམས་པ་དང་། ཟླ་བཅུ་པའི་ཟླ་དཀྱིལ་དུ་གཉེར་མཚམས་འཇོག་པ་རེད། ཟས་རིགས་གཙོ་བོ་ལ་དུས་རྒྱུན་གྱི་སྔོ་ཚལ་བརྔོས་མ་ཡིན་ཞིང་། བཟའ་ཟླས་ཇ་མ་བྱེད་པ་དང་། ཁོས་ཞབས་ཞུའི་ལས་ཀ་བསྒྲུབས། ཡུལ་སྐོར་དུས་བཟང་གི་སྐབས་ལ། སྡེ་བའི་ནང་གི་བུད་མེད་གཅིག་གཉིས་རེ་ལས་རོགས་སུ་གླས་ནས་མི་རེར་ཉིན་རེར་སྒོར100ཡི་གླ་ཆ་སྤྲད་པ་ཡིན་ཟེར།
   ལོ་དེ་དག་རིང་ཚོང་ཅུང་བྲིན་ཆེ་བས། རྟ་བྷས་སྔོན་ཆད་ཀྱི་ཁང་པ་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་འགྲུལ་བ་སྣེ་ལེན་བྱེད་ས་དང་བག་ལྷོད་པའི་སྡོད་ཤག་རེ་འགའ་བཀོད་སྒྲིག་བྱས། འགྲུལ་བ་ཉུང་དུས་ཁོས་སྒོ་ལམ་དུ་ཟས་རིགས་སྲེག་མ་འཚོང་བཞིན་ཡོད། ཁོས་འདི་སྐད། ན་ནིང་ངེད་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གིས་སྒོར་ཁྲི3ལྷག་བཙལ་བ་ཡིན། ཟླ་བཅུ་པའི་ཟླ་དཀྱིལ་དུ་སྒོ་བརྒྱབ་རྗེས། ངེད་བཟའ་ཟླ་གཉིས་ཀྱིས་ཉེ་འཁོར་དུ་ཞོར་ལས་ལ་གཞོལ་ནས་ཟླ་གཅིག་ལྷག་ཙམ་ལ་སྒོར་ཁྲི་གཅིག་ལྷག་རག་ཟེར། 
   རྨ་ཆུའི་འགྲམ་དུ་གནས་སྤར་རྗེས། རྟ་བྷོའི་འཚོ་བ་ལོ་རེ་ནས་ལོ་རེར་ཡར་ངོའི་ཟླ་བཞིན་འཕེལ། ད་ལོའི“ལྔ་གཅིག”གུང་གསེང་གི་སྐབས་ལ་བདེ་སྐྱིད་སྡེ་བའི་འཁྲུག་ཆ་དོད་པའི་མི་ཚོགས་ཀྱི་འདུ་ལོང་གིས་ཀུན་ལ་ཕན་ཁེ་མི་དམན་པ་ཞིག་སྦྱིན་ཡོད། རྟ་བྷས་བཞིན་ལ་འཛུམ་ཞིག་ལངས་ཞོར་འདི་སྐད། རྨ་ཀླུང་སྔོན་མོའི་ངོགས་སུ་བསྒྲུབ་ཕོད་པའི་སྙིང་སྟོབས་དང་བརྩོན་པ་ཡོད་ན་འཚོ་བ་ཡང་ཆུ་ཀླུང་དེ་དང་མཚུངས་པར་གསོན་ཉམས་ཀྱིས་ཕྱུག་ནས་རིང་དུ་འབབ་ཐུབ།
   དབང་བྷ་བཟའ་ཟླ་དང་ཚེ་རིང་སྒྲོལ་མ།
   སྔ་དྲོའི་ཆུ་ཚོད9ཡི་སྟེང་དུ། དབང་བྷ་བཟའ་ཟླ་གཉིས་ཀྱིས་ཚོང་ཁང་ཆུང་ཆུང་གི་སྒོ་ཕྱེས་ཏེ་མགྲོན་པོ་བསུས་བྱུང་། སྡེ་བའི་རླངས་འཁོར་འཇོག་ས་དང་པོའི་མཁྲིས་སུ་སིལ་ཟས་དང་བཏུང་ཆུ། རྒྱུན་སྤྱོད་ཉེར་མཁོ་རིགས་བསྒྲིགས་པའི་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་ནི་ཏག་ཏག་ཁོ་བཟའ་ཟླ་གཉིས་ཀྱིས་གཉེར་བའི་བདེ་སྐྱིད་སྣ་འཛོམས་ཚོང་ཁང་རེད། སྨི་གྲུ་བཞི་མ48ཅན་གྱི་ཁང་པ་ཆུང་ཆུང་འདི་ནི་སྡེ་བ་ཐུན་མོང་གི་རྒྱུ་ནོར་ཡིན་པ་དང་། 2024ལོར་ཁོ་བཟའ་ཟླ་གཉིས་ཀྱིས་ལོ་རེར་སྒོར་ཁྲི1གི་བོགས་མ་བཏང་ནས་གླས་པ་རེད། 
   དབང་བྷས་འདི་སྐད། ང་ཚོས2018ལོ་ནས་བཟུང་ཐང་བཤམས་ཀྱི་ཚོང་བརྒྱབ་པ་ཡིན། དང་ཐོག་སིལ་ཟས་དང་བཏུང་ཆུ་རིགས་བཙོངས་པ་ཡིན། ཆུ་ངོགས་སུ་བྱེ་ཐང་བསྐྲུན་རྗེས་དེར་ཡོང་མཁན་མི་འབོར་ཇེ་མང་དུ་སོང་བའི་བབ་ལ་གཞིགས་ནས་བྱེ་ཐང་གི་རྩེད་ཆས་བཙོངས། ཤིང་ཁང་ཆུང་ངུ་འདི་མེད་དུས་སྤྱིལ་བུ་ཞིག་གི་ནང་སྒྲོམ་སྟེགས་སྟབས་བདེ་རེ་བསྒྲིགས་ཏེ་བཏུང་ཆུ་དང་འཁྱགས་ཞོ་བཙོངས་པ་ཡིན་ཟེར། ད་ཆ་སྒྲོམ་སྟེགས་དང་འཁྱགས་སྒམ་བསིལ་ཁང་ལོགས་སུ་བཞག་ནས་ཁོ་བཟའ་ཟླ་གཉིས་ཀྱིས་རེས་མོས་སུ་ལྟ་བཞིན་ཡོད། 

2017ལོའི་སྔ་རོལ་ལ། དབང་བྷས་རང་གི་འཚོ་རྟེན་ལ་ས་ཞིང་མུའུ་གཅིག་གཉིས་ཙམ་ལས་མེད་པའི་དཀའ་ངལ་ལ་གཞིགས་ཏེ་སྒོ་ཟོག་འགའ་གསོས་ཏེ་རང་གི་བུ་མོ་སློབ་གྲྭར་འཇུག་ཐུབ་བྱས་ཀྱང་། འཚོ་བར་སྔར་བཞིན་འགྱུར་ལྡོག་ཆེར་མ་བྱུང་། 

2017ལོའི་རྨ་ཆུའི་འགྲམ་གྱི་བདེ་སྐྱིད་སྡེ་བར་སྤར་རྗེས་འཚོ་བར་ལམ་ཁ་གསར་པ་ཞིག་སྤུད་པ་དང་འདྲ་བར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་།  དང་ཐོག་གནས་སྤར་མ་ཐག་ཡུལ་དེའི་འཚོ་བའི་ཁོར་ཡུག་ལ་ཆ་རྒྱུས་མེད་པའི་དབང་གིས་ལས་གང་ཞིག་བསྒྲུབ་དགོས་པ་མི་ཤེས། སྐུ་མགྲོན་མང་པོ་འགྲོ་འོང་གི་བབ་དང་བསྟུན་ནས་ཐང་བཤམས་ཀྱི་ཚོང་བརྒྱབ་པ་ཡིན། ཁོམ་ལོང་དང་བྲེལ་ཟིང་གི་དུས་ཚོད་ཟླ་བ་དྲུག་ལྷག་ལས་མེད་ཀྱང་སྒོར་ཁྲི་གསུམ་བཞི་རེ་ཡི་ཡོང་སྒོ་རག་རྒྱུ་ཡོད། དེ་ནི་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཞིག་རེད་ཟེར། 
   སིལ་ཚོང་གི་ལས་རིགས་ལ་རྒྱུས་མངའ་ཆེར་མེད་པའི་བཟའ་ཟླ་གཉིས་ཀྱིས་ཚོང་དེ་གཉེར་རྗེས། ཉོ་མཁན་ཇེ་མང་དུ་སོང་ནས་ཉི་འགོག་ཞྭ་མོ་དང་རྩེད་ཆས་སོགས་སྣ་ཁ་མང་པོ་ཞིག་སྒྲོམ་སྟེགས་སུ་ཡང་ནས་ཡང་དུ་ཁ་སྣོན་རྒྱག་དགོས། ཁོ་གཉིས་ཀྱིས་རྒྱ་སྐད་སློབ་ཞོར་ཏུ་ཚོང་རྒྱག་པ་དང་། སྐུ་མགྲོན་རྣམས་སིལ་ཟས་དང་བཏུང་ཆུ་གང་ལ་དགའ་བ་བརྟག་ཞོར་ཚོང་བརྒྱབ།  དབང་བྷ་ཡིས་འདི་སྐད། དང་ཐོག་སྡེ་བའི་ནང་གི་ཁྱིམ་ཚང་གཅིག་གཉིས་ཀྱིས་མ་གཏོགས་ཐང་བཤམས་གཉེར་མཁན་ནི་མེད། ད་ལྟ་ཁྱིམ་ཚང་ཕལ་ཆེ་བས་ལམ་གཞུང་གི་གཡས་གཡོན་དུ་ཚོང་ཁང་གཉེར་ཡོད་ཟེར།
  དབང་བྷའི་ཚོང་གཉེར་གྱི་བསམ་བློ་དང་དགོས་མཁོར་བཅངས་པའི་ལྟ་ཚུལ་དང་མི་འདྲ་མཁན་ཞིག་ཡོད་པ་ནི་ཚེ་རིང་སྒྲོལ་མ་རེད། མོས་འཚོ་བ་གསར་པ་ཞིག་ལ་རེ་སྙེག་བྱེད་བཞིན་ཡོད།
  2017ལོར་ཚེ་རིང་སྒྲོལ་མ་ཕ་མའི་རྗེས་འབྲངས་ནས་རྨ་ཆུའི་འགྲམ་གྱི་བདེ་སྐྱིད་སྡེ་བར་གནས་སྤར་རྗེས། མོས་ཐོག་དང་པོར་ཁད་ཐག་ཉེ་ས་ནས་རྨ་ཆུ་ཐོག་མཐོང་བ་རེད། སྐབས་དེར་རྒན་པ་རྣམས་ཀྱིས་བཤད་ན། ས་དེར་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་རྒྱུ་མ་ཟད། བྱེ་ཐང་ཞིག་ཀྱང་བཟོ་རྒྱུ་རེད་ཟེར།
  2020ལོར་རྒན་པའི་ངག་ནས་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་ནས་གྲུབ་ཡོད་པ་དང་། བྱེ་ཐང་དང་དེར་མཁོ་བའི་རྐུབ་སྟེགས་ལ་སོགས་ཀྱང་རྨ་འགྲམ་དུ་ཐོན་འདུག་ཚུལ་ཐོས་པས། མོ་རང་སློབ་གྲྭ་རུ་མི་སུ་དང་འཕྲད་ན་ང་ཚོའི་སྡེ་བར་བྱེ་ཐང་ཡོད་ཅེས་ངོམ་སྒྲོག་བྱས་པ་དང་ཆབས་ཅིག  དེར་གར་ཚོང་ཁང་ཆུང་ངུ་ཞིག་གཉེར་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་ཡང་ཡིད་ལ་འཆར་མྱོང་།
  བདེ་སྐྱིད་སྡེ་བའི་ད་ལོར་ལོ་ན22ལ་སོན་པའི་ཚེ་རིང་སྒྲོལ་མ་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་ནས་མཐར་ཕྱིན་རྗེས། ལས་ཞུགས་ཀྱི་གནོན་ཤུགས་ཆེན་པོས་མོ་རང་མགོ་འཐོམ་ནས་ག་བྱེད་འདི་བྱེད་མེད་པ་ཞིག་ཏུ་གྱུར་ཡོད་དུས། སྡེ་སྡོད་ཧྲུའུ་ཅི་ཆིན་ཝེ་ཡིས་མོ་ལ་ཁ་པར་ཡོང་ནས་ཕྱིར་སྡེ་བར་ལོག་དང་ཁྱིམ་ལ་རོགས་བྱེད་ཞོར་ཉམས་མྱོང་རེ་གསོག་ཅེས་སྐད་ཆ་ལབ་པས་ད་གཟོད་མོས་སེམས་ཁྲལ་གཞི་ནས་སེལ། སྡེ་བའི་བྱེ་ཐང་ཁུལ་དེ་ཕྱོགས་གསུམ་པས་གཉེར་སྐྱོང་བྱེད་ཀྱིན་ཡོད་པས། ཧྲུའུ་ཅི་ཆིན་ཝེའི་རེ་བ་ཡིན་ན་ཕྱོགས་གསུམ་པའི་ལས་དེ་ཡུལ་མི་རང་གིས་གཉེར་ཏེ་དོ་དམ་བྱས་ན་ལེགས་སྙམ་པ་དེ་རེད།

གནས་བབ་དེ་དང་བསྟུན་ནས་ཚེ་རིང་སྒྲོལ་མས་དེ་གར་ཇ་ཁང་ཞིག་གཉེར་བའི་གོ་སྐབས་རག་ཏེ། ཚོང་སྒོ་ཕྱེ་ནས་དུས་ཡུན་རིང་བོ་འགོར་མེད་ན་ཡང་། རྒྱུ་གཡང་འཁོར་ཚེ་ཉིན་གཅིག་ལ་སྒོར1000རེ་རག་ཐུབ་ཟེར། ཟླ་བ་གཅིག་གི་དུས་ཚོད་ནི་ཧ་ཅང་ཐུང་ཐུང་ཞིག་ཡིན་ན་ཡང་།མོས་སྐུ་མགྲོན་ལ་ཞབས་ཞུ་ཇི་ལྟར་བསྒྲུབ་དགོས་པ་དང་། མི་གང་དག་ལ་ཇ་གང་ཞིག་འོས་སྦྱོར་བྱས་ན་ལེགས་པ་སོགས་ཤེས་བྱ་མང་པོ་ཞིག་ཉམས་མྱོང་ཁྲོད་གསོག་ཉར་བྱེད་བཞིན་ཡོད། ཚེ་རིང་སྒྲོལ་མས་སྔོན་ཆད་རྨ་ཆུའི་འགྲམ་དུ་ཚོང་ཁང་ཞིག་གཉེར་ཐུབ་ན་ཅི་མ་རུང་སྙམ་པའི་ཕུགས་འདུན་དེ་ད་ལྟ་དངོས་ནས་མངོན་འགྱུར་བྱུང་སོང་ཟེར། མོས་དེ་ལྟར་བཤད་དུས་འབྱུང་འགྱུར་ལ་རེ་བས་ཁེངས་འདུག 

ཁྱིམ་ཚང་གི་སྒོ་ཁར་ལས་ལ་བརྩོན་པའི་རྡོ་རྗེ་དབང་ཕྱུག
   བདེ་སྐྱིད་སྡེ་བར་བཅར་དུས་ཡུལ་སྐོར་པ་མང་པོ་ཞིག་མིག་མདུན་གྱི་བྱེ་ཐང་དེར་ཕྱོགས་ནས་གཤར་བཞིན་འདུག དེ་དང་ཁད་ཐག་ཉེ་ས་ན་རྨ་ཆུ་དལ་གྱིས་འབབ་ཅིང་། བྱེ་ཐང་གི་རྐུབ་སྟེགས་དང་པར་རྒྱག་ས། བྱིས་པའི་རོལ་རྩེད་སྒྲིག་ཆས་སོགས་རང་སར་གྲལ་བསྟར་ནས་ཡོད། ཆིན་ཝེ་ཡིས་ཉིན་རེར་སྐུ་མགྲོན་ཆེས་མང་ས་ནི་གནས་དེ་ཡིན་པས། དེའི་འཕྲོད་བསྟེན་དང་ཞབས་ཞུ། བདེ་འཇགས། ཞུ་གཏུག་ཐག་གཅོད་ལ་སོགས་ནི་ལས་གཙོ་བོ་ཡིན་ཟེར། ཏག་ཏག་དེ་ནི་རྡོ་རྗེ་དབང་ཕྱུག་གི་དོ་དམ་ཁྱབ་ཁོངས་རེད། 
   སྔ་དྲོར་ཡུལ་སྐོར་པ་མང་པོ་མེད་དུས་རྡོ་རྗེ་དབང་ཕྱུག་གིས་དེ་གའི་སྒྲིག་ཆས་དང་ཡོ་བྱད། ཁོར་ཡུག་ལ་སོགས་ཀྱི་མི་མངོན་རྐྱེན་ངན་ལ་ཞིབ་བཤེར་ནན་མོ་བྱེད་དགོས། ལོ་ན20ལ་སོན་མ་ཐག་པའི་གསར་བུ་འདིའི་གཟུགས་གཞི་དྲང་ཞིང་། རྐང་ལག་མྱུར་བ་ལ་སོགས་ལུས་ཡོངས་རྩལ་གྱིས་རྫོགས་འདུག་ལ། རྨ་ཆུ་སྔོན་མོ་སྲུང་ཞོར་བློ་གཅིག་སེམས་གཅིག་གིས་འཚོ་བ་སྐྱིད་པོ་ཞིག་ལ་འབད་བཞིན་ཡོད།   ཡུལ་སྐོར་པ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་རྡོ་རྗེ་དབང་ཕྱུག་ཀྱང་ཁོམ་ལོང་མེད་པར་གྱུར། དོ་དམ་གྱི་ལས་ཀ་ཙག་ཙིག་དེར་ནམ་ཡང་བག་ཟོན་གྱི་དབང་རྩ་ཅུང་ཙམ་ཡང་ལྷོད་མི་རུང་བས་ཁོ་ལ་མཚོན་ན་དཀའ་ཁག་ཅུང་ཟད་རེ་མཆིས་མོད། ཡུལ་སྐོར་པ་རེ་རེས་རྩད་འདྲི་ལ་སེམས་ཞིབ་མོས་ལན་འདེབས་བཞིན་ཡོད། ཁོས་འདི་སྐད། གནས་འདིའི་ལས་མཐའ་དག་རང་ཁྱིམ་གྱི་ལས་བཞིན་གཙིགས་སུ་བཟུང་ནས་བསྒྲུབས་པ་ཡིན་ལ། དེ་ནི་གཙོ་བོ་ཡུལ་སྐོར་བའི་སེམས་པ་འགུགས་ཆེད་ཡིན་ཟེར། དེ་ནི་ཁོས་བབ་ཆགས་ཀྱི་གནས་ལུགས་ལ་བཟུང་བའི་རྣམ་འགྱུར་ཞིག་ཅི་ལ་མིན། 

ལོ་གསུམ་གྱི་སྔོན་ལ་མཐོ་འབྲིང་མཐར་ཕྱིན་རྗེས། རྡོ་རྗེ་དབང་ཕྱུག་ནི་གྲོང་ཁྱེར་ཆེན་པོར་ཐབས་བརྒྱ་ཇུས་སྟོང་གིས་འགྲིམ་ཅི་ཐུབ་ལ་འབད་པའི་ན་མཉམ་གྱི་གཞོན་སྐྱེས་དག་དང་མི་འདྲ་བར། རང་ཁྱིམ་གྱི་སྒོ་ཁར་འབབ་པའི་རྨ་ཀླུང་སྔོན་མོ་དང་ཉིན་རེ་བཞིན་འཕེལ་བཞིན་པའི་བདེ་སྐྱིད་སྡེ་བ་བསྲུངས་ནས་སྡོད་རྒྱུ་སེམས་ཐག་བཅད་དེ། དང་ཐོག་ཟ་ཁང་དུ་ཞབས་ཞུའི་ལས་ཀ་བསྒྲུབས། ཕྱིས་གཞུང་རྒྱུད་དྲང་ལ་ལས་ཀར་ཞིབ་ཆ་ལྡན་པས་པ་སེ་བྲིན་འཚོང་གི་ལས་གནས་སུ་བཀོད་ཅིང་། སྐབས་དེར་ཁོས་ལྗོངས་ཁུལ་གྱི་སྒོ་མདུན་དུ་སུན་སྣང་དང་ཡ་ཡོ་ཅི་ཡང་མེད་པར་ཡུལ་སྐོར་པ་རེ་རེ་སྣེ་ལེན་བྱེད་ཞོར་རྩད་འདྲི་རེ་རེ་ལ་ལན་བཏབ་མྱོང་། 
  ད་ལོར་ཁོ་དོ་དམ་པར་གྱུར་ནས་ལྗོངས་ཁུལ་གྱི་བྱེ་ཐང་སོགས་ས་ཁོངས་དུ་མའི་དོ་དམ་གྱི་འགན་བཞེས་ཤིང་། ཟླ་རེར་སྒོར3500ཡི་གླ་ཕོགས་ཡོད་པ་དང་། ཡོང་འབབ་སྔོན་ཆད་ལས་འཕར་ཡོད་ལ། ལས་ཀའི་འགྲན་རྩོད་ཡང་སྔོན་ཆད་ལས་ཆེ།  
  ཡོང་སྒོ་ལོ་རེ་བཞིན་འཕར་བ་དང་། ཉི་མ་རེ་རེར་ཡུལ་སྐོར་པ་སྣ་ཚོགས་སྣེ་ལེན་བྱས་པའི་དབང་གིས་ཁོས་བསམ་བློ་དང་མཐོང་རྒྱ་ཡང་སྔོན་ཆད་དང་མི་འདྲ་ཞེས་རྡོ་རྗེ་དབང་ཕྱུག་གིས་དེ་ལྟ་བུའི་མྱོང་སྣང་ཞིག་བརྗོད་ཞོར། རྨ་ཆུ་སྔོན་མོར་བརྟེན་ནས་གཏན་འཇགས་ཀྱི་ཡོང་སྒོ་ཞིག་རེག་ཐུབ་ན་དེ་ནི་སེམས་ཀྱི་བདེ་སྐྱིད་ཅིག་རེད་ཟེར།
   བདེ་སྐྱིད་སྡེ་བས་རྨ་ཆུའི་སྐྱེ་ཁམས་མཛེས་ལྗོངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་དར་སྤེལ་བཏང་སྟེ། སྔོ་ཞིང་དྭངས་པའི་རི་ཆུ་ཡང་གསོན་ཉམས་ལྡན་པའི་གསེར་རི་དངུལ་རིར་བསྒྱུར་བ་དང་། རང་ཁྱིམ་གྱི་སྒོ་མདུན་དུ་ལས་ཀ་གཉེར་མཁན་སྡེ་མི་རྣམས་ཀྱི“སྐྱེ་ཁམས་ཀྱི་ཟ་མ”“ཡུལ་སྐོར་གྱི་ཕོར་བ”རུ་བཅུག་སྟེ། ཡུལ་སྐོར་སྐུ་མགྲོན་སྐོར་དང་ཁྱུ་བྱས་ནས་མ་བོས་མགྲོན་དུ་རང་བཞིན་གྱིས་ཕྱོགས་ཡོང་བ་སོགས་ལྷུན་གྱིས་ཆགས་པའི་སྣོད་བཅུད་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པས་དེ་ལྟ་བུའི་དཔལ་འབྱོར་གྱི་རིན་ཐང་ཅི་རིགས་ཤིག་སྐྲུན་བཞིན་འདུག
   རྡོ་རྗེ་དབང་ཕྱུག་གིས་བཞིན་ལ་འཛུམ་བག་བྲོ་ཞིང་། སྨིན་མཚམས་ལ་རེ་སྨོན་གྱིས་ཁེངས་ནས་རྨ་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་པར་བལྟས་བྱུང་། རྗེས་མ་འཆར་གཞི་ཅི་ཞིག་ཡོད་ཅེས་འདྲི་དུས། ཁོས་ལན་དུ་ཉམས་མྱོང་མང་པོ་ཞིག་བསགས་ཏེ། ལྗོངས་ཁུལ་དོ་དམ་དང་གཉེར་སྐྱོང་གི་ཤེས་བྱ་བྱང་ཆུབ་པ་ཞིག་སྦྱངས་འདོད། ཉི་མ་ཞིག་ལ་གོ་སྐབས་རག་དུས་རང་ཉིད་ཀྱིས་ལས་གཏོད་བྱེད་བསམས་ཡོད།  ད་ལྟ་སྲིད་ཇུས་ཡག་པོ་རེད།  རྨ་ཆུའི་མཛེས་ལྗོངས་འདི་ལེགས་པོར་སྲུང་བར་ནུས་ཤུགས་འདོན་ཐུབ་ན་འཚོ་བ་སྐྱིད་པོ་རོལ་མི་ཐུབ་རྒྱུ་ཅི་ཡོད་ཟེར།

ཁོ་སྐྱེ་ཁམས་ལ་བརྟེན་ནས་དར་རྒྱས་བྱུང་བའི་སྡེ་བའི་ཕྱོགས་སུ་བསྐྱོད། ཆུ་ངོས་སུ་རླུང་བུ་ཞིག་དལ་གྱིས་ལྡང་སྟེ་ཁོའི་གཞོན་ཤ་དར་བའི་བཞིན་རས་ལ་བྱིལ་བྱིལ་ཞིག་བྱས། ངས་ཡུལ་ཕྱོགས་འདིའི་རི་ཆུ་ལ་བརྟེན་ནས་གཅིག་ནས་རང་ཁྱིམ་གྱི་འཚོ་བའི་རྣམ་པ་ཕུན་སུམ་ཚོགས་པོར་བསྒྱུར་འདོད་པ་དང་། གཉིས་ནས་སྡེ་བའི་ནང་གི་ན་གཞོན་མང་པོའི་བློ་ཁ་ཚུར་འགུག་འདོད་པ་དེ་ཡིན་ཞེས་མིག་ལ་སྟག་ཤར་ཞིག་གི་ངར་ཤུགས་དང་འོད་མདངས་འཚེར་བཞིན་དེ་ལྟར་བཤད་བྱུང་། རྨ་ཆུའི་འགྲམ་དུ་རྐང་ཚུགས་པའི་བདེ་སྐྱིད་སྡེ་བའི་མི་རྣམས་ཀྱིས་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་བབ་ཆགས་ལ་གཏིང་ཟབ་པའི་གནས་ལུགས་ཤིག་རྗོད་བཞིན་ཡོད་ཅིང་། དེ་ནི་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོབ་ལ་བརྟེན་ནས་གསེར་རི་དང་དངུལ་རི་བཞེངས་པའི་གཏམ་རྒྱུད་དངོས་སོ།།

གསར་འགོད་པ། ཁོན་ཐར་འཚོ། ལྷ་ཆེན་རྒྱལ། གཡང་སྐྱིད།
རྩོམ་སྒྲིག་པ། ཕག་མོ་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་བ། ཚེ་རིང་བཀྲ་ཤིས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།