མཚོ་ཆེན་གྱི་བྱང་ངོས་སུ་ལོ་ལྔའི་འབྲས་བཟང་མངོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།
 

ཞོགས་པའི་ཆུ་ཚོད་དྲུག་སྟེང་གི་མཚོ་སྔོན་པོའི་བྱང་འགྲམ་གྱི་རྐང་ཚ་རྫོང་ནི་ནམ་གསལ་མ་ཐག་ཡིན། རྩྭ་ཐང་གི་གསེང་ན་དྭངས་ཤིང་གཙང་བའི་འོམ་ཆུ་གྱ་གྱུར་བཞུར། ཟླ་བ་དྲུག་པའི་མཐོ་སྒང་གི་བསིལ་རླུང་གྲང་མོ་ཞིག་གིས་ནོར་ལུག་ཁྱུ་བཞིན་རྒྱུ་བའི་རྩྭ་ཐང་དང་། གསེར་ཉའི་རྐྱལ་རྩལ་གྱིས་སྐྱོམས་པའི་རླབས་ཀྱི་ཟེགས་མ་སོགས་དལ་གྱིས་གཡོ་བཞིན་བསྐྱོད། མཚོ་འཕགས་སྨི3300ན་ཡོད་པའི་ཡུལ་འདིས་ཉི་ཤར་གྱི་དང་པོ་བསུ་མགོ་བརྩམས།

ཞོགས་པའི་ཆུ་ཚོད་དགུ་པའི་སྟེང་། འོམ་ཆུ་གྲོང་རྡལ་ལྟ་སྐྱོང་ས་ཚིགས་ཀྱི་ར་སྐོར་ནང་དུ་མི་མེད་གནམ་གྲུ་ཞིག་དུས་ལྟར་བར་སྣང་དུ་བཏང་སྟེ། ཐད་ཀར་གསེར་ཉའི་གཞིས་ཁྱིམ་དང་མཚོ་སྔོན་པོའི་འགྲམ་གྱི་ནགས་རའི་ཕྱོགས་སུ་འཕུར། ལྟ་སྐྱོང་བ་ཞུའུ་ཅི་ཉིང་གིས་གཞུང་སྒྲུབ་ཁང་གི་ལྟ་རྟོག་ཚོད་འཛིན་གྱི་བརྙན་ཤེལ་ཆེན་མོའི་མདུན་དུ་མི་མེད་གནམ་གྲུ་ཕྱིར་འཁོར་བའི་སྣང་ཚུལ་ལ་ཅེར་ནས་འདུག  བརྙན་ཤེལ་དེ་ལས་མཚོ་འགྲམ་གྱི་གནས་གང་དུ་གད་སྙིགས་ཡོད་པ་དང་། བརླན་སའི་གནས་གང་དུ་རི་སྐྱེས་སྲོག་ཆགས་ཡོད་པ་སོགས་གསལ་བོར་མཐོང་ཐུབ།

འདི་ནི་ལྟ་སྐྱོང་བ་ཞུའུ་ཅི་ཉིང་གིས་ལྟ་ཞིབ་ཚོད་འཛིན་གྱི་བརྙན་ཤེལ་ཆེན་མོའི་མདུན་དུ་མི་མེད་གནམ་གྲུ་ཕྱིར་འཁོར་བའི་གནས་ཚུལ་ལ་ལྟ་བའི་རྣམ་པ་ཡིན། 

“སྔོན་ཆད་སྐོར་ཞིབ་པས་རྐང་པ་གཉིས་དང་ཡང་ན་འཕྲུལ་རྟ་ཁོ་ནར་བརྟེན་ནས་སྐོར་ཞིབ་བྱེད་དུས། ཉིན་གཅིག་སྐོར་ཞིབ་ཚར་རྗེས་ཐང་ཆད་ནས་འགྱེལ་ལ་ཁད་བྱེད་འོང་ཡང་། མ་ཐོན་ས་དང་མ་མཐོང་ས་མང་པོ་ཡོད་ཅེས་ཞུའུ་ཅི་ཉིང་གིས་དགོད་ཞོར་ཏུ་དེ་ལྟར་ཟེར།   

 ཞུའུ་ཅི་ཉིང་གི་རྒྱབ་ཏུ་ཡོད་པའི་གནས་འདིའི་སྐྱེ་ཁམས་ལྟ་སྲུང་བའི“རིག་ནུས་ཀླད་ཆེན”ནི་མི་མེད་གནམ་གྲུ་བཀོལ་སྤྱོད་དང་ཚོད་འཛིན།  དུས་ཐོག་ལྟ་སྐུལ་དང་ཚོད་འཛིན།  གཞི་གྲངས་ཉར་འཇོག་དང་དབྱེ་ཞིབ་བཅས་བྱེད་ནུས་མང་པོ་གཅིག་ཏུ་དྲིལ་ཡོད་པས། ནགས་ཁུལ་གཙོ་བོ་དག་ཏུ་སྐོར་ཞིབ་དང་། མེ་ཡི་གནོད་འཚེ་ལ་ལྟ་རྟོག་ཚད་ལེན།  ཁྲིམས་འགལ་ཅན་ལ་ཞིབ་བཤེར། ཐོན་ཁུངས་ཀྱི་གནས་ཚུལ་ལ་ལྟ་རྟོག་དང་དོ་དམ་བཅས་ལས་ཀ་རྒྱུན་འཇགས་སུ་སྤེལ་ཐུབ་པར་མ་ཟད། སྲོལ་རྒྱུན་གྱི་སྐོར་ཞིབ་ཕན་འབྲས་དང་ནུས་ཕྱོད་ཞན་པའི་དཀའ་གནད་དང་། མི་ཐོན་ས་དང་མི་མཐོང་བའི་གནས་སོགས་ཀྱི་དཀའ་གནད་མང་པོ་ལེགས་པོར་སེལ་ཐུབ་ཡོད་པས།  ཞིབ་ཚགས་ཅན་དང་སྤུས་ལེགས་ཅན་གྱི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་ཡོད།

རྐང་ཚ་རྫོང་ནགས་ལས་ཁང་གི་མགོ་གཙོ་ཝང་ཝེ་བརྙན་ཤེལ་ཆེན་མོའི་མདུན་དུ་འགྲེང་སྟེ། ཡ་མཚན་པའི་སྒོ་ནས“སྔོན་ཆད་མིས་མི་ལ་ཅེར། རྐང་པས་རྐང་པར་སྡེབ། ད་ལྟ་ཉིན་ཧྲིལ་བོར་གནས་ཡོངས་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ།  ལྟ་སྲུང་བས་པར་རིས་དང་།བརྙན། གནས་གཏན་འཁེལ་གྱི་ཆ་འཕྲིན་ཡར་བཀོད་མ་ཐག   རྒྱབ་སྟེགས་སུ་ལམ་སེང་མཐོང་ཐུབ། ”ཅེས་ཟེར།  ཁོས་འདི་ལྟར་རྩིས་ཤིག་བརྒྱབ་བྱུང་བ་སྟེ།  རིག་ནུས་དོ་དམ་ལྟ་སྲུང་གི་མ་ལག་འཁོར་སྐྱོད་བྱས་རྗེས།  ལས་ཀའི་ཕན་འབྲས70%ནས80%ལ་ཇེ་མཐོར་ཕྱིན་པ་དང་། མེའི་གནོད་འཚེ་དང་།  འབུའི་གནོད་འཚེ།  རི་སྐྱེས་སྲོག་ཆགས་རྨས་སྐྱོན་ལ་སོགས་ཀྱི་གློ་བུར་བའི་ཉེན་ཁ་དང་གནོད་འཚེ་བྱུང་བའི་གནས་ཚུལ་ལམ་སེང་དང་ལེན་དང་ཐག་གཅོད་ཀྱི་དུས་ཚོད་ཇེ་ཐུང་དུ་ཕྱིན་ཡོད་པ་དེ་རེད།
  སྐྱེ་ཁམས་ཀྱི་འགྱུར་བ་ནི་མིག་ཐོག་ལག་ཟིན་ཡིན། ལོ་ངོའི་ལྔའི་རིང་ལ། རྐང་ཚ་རྫོང་གིས་གཅིག་གྱུར་འཆར་འགོད་ཐོག་མ་དངུལ་དུང་ཕྱུར3.9བཏང་སྟེ། སྐྱེ་ཁམས་སླར་གསོ་དང་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་ལས་གཞི50ལྷག་ལག་བསྟར་བྱས་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ས་ཞིང་ས་མུའུ5000ལྗང་སྒྱུར་དང་། རྩྭ་ས་ཞན་འགྱུར་ས་མུའུ་ཁྲི8བཅོས་སྐྱོང་བཅས་བྱས་པ་དང་།  མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཀྱི་བསགས་འབོར་སྲུང་སྐྱོབ་དུས་མགོ་ཡི་ཏུན2592ནས་ད་ལྟའི་ཏུན་ཁྲི13.3ལ་འཕར།  དགོ་དམར་ཀྱི་རིགས་ཁྱུའི་གཞི་ཁྱོན་དང་བསྟི་གནས་ཁྱབ་ཁོངས་ས་ཁོངས་བརྒལ་ནས་རྒྱ་སྐྱེད་ཡོད་པ་རེད།

ཤེས་རབ་ཀྱི་སྨྱུ་གུས་རྩྭ་ཐང་གི་གནག་རྫིའི་རྨི་ལམ་བཞེངས། འོམ་ཆུ་ཕྱུགས་སྨན་ས་ཚིགས་ཀྱི་མགོ་གཙོ་ཚེ་རིང་གྲུབ་ཀྱིས་རྐང་ཚ་རྫོང་གི་རིག་ནུས་སྒོ་ཕྱུགས་ཀྱི་གཞི་གྲངས་ཆེན་མོའི་ཁ་ཕྱེ་པ་ན།   གསོ་སྤེལ་ས་ཚིགས་ཀྱི་ཁོར་ཡུག་གི་གནས་ཚུལ་དང་། ཐད་འཚོང་ཚོང་ཁང་གི་དུས་ཐོག་བྲིན་འཚོང་གཞི་གྲངས་བཅས་བརྙན་ཤེལ་དུ་འཆར་འདུག  ཁོས་བརྙན་ངོས་ཉོ་ཚོང་ཟིན་ཐོ་བསྟན་ནས་ང་ཚོར་མཚམས་སྦྱོར་གནང་སྟེ།  ཐད་གཉེར་ཚོང་ཁང་གིས་ཕྱིར་འཚོང་བརྒྱབ་མ་ཐག  དེ་མ་ཉིད་ང་ཚོའི་རྒྱབ་སྟེགས་སུ་མཐོང་ཐུབ།    དབྱར་དུས་ཀྱི་ཞོད་འགོག་དང་། དགུན་གྱི་ཁ་བའི་གནོད་འགོག་གི་དུས་ལ་ང་ཚོས་སྔ་མོ་ནས་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། འཕྲལ་མ་ཉིད་དུ་ཡུལ་ཚོ་དང་གྲོང་རྡལ་ལ་བརྡ་རྒྱག་བཞིན་ཡོད་པས།  གསོ་སྤེལ་ཁྱིམ་ཚང་གི་གྱོང་གུད་རག་པའི་ཉེན་ཁ་ཇེ་ཆུང་དུ་བཏང་ཡོད་ཟེར།

ལས་བྱེད་པས་རིག་ནུས་སྒོ་ཕྱུགས་ཀྱི་གཞི་གྲངས་ཆེན་མོར་དུས་ཐོག་ཏུ་ལྟ་བཞིན་པ། 

ཀླུ་འབུམ་སྐྱབས་ཀྱི་ནོར་ལུག་ཐད་ཚོང་ཁང་དུ་ཡོད་པའི་གློག་རྡུལ་རྒྱ་མ་ཡང་གཞི་གྲངས་ཆེན་མོར་སྦྲེལ་ཡོད། ལུག་ཤ་དང་སྐམས་ཀྱི་རྩིབས་ཤ   སྐམས་ཤའི་ཤ་རིལ་སོགས་རིགས་དབྱེ་སྟེ་རྒྱ་མར་གཞལ་ན།  རིན་གོང་དང་རྒྱ་ཚད། ཚོང་གི་ཡོང་འབབ་བཅས་གསལ་ལེར་མངོན་ཡོང་།  “ཚོང་ཁང་གཉེར་ནས་ལོ་གཉིས་ཕྱིན་ཡོད།  མ་ལག་དེ་བསྒྲིགས་རྗེས། རྩིས་མྱུར་བ་མྱུར་ཏུ་རྒྱག་ཐུབ་པ་མ་ཟད་ནོར་འཆུག་མི་འབྱུང་། ད་དུང་ཆེད་དོན་གྱི་ཟབ་སྦྱོང་ཡང་ཡོད”ཟེར། ཀླུ་འབུམ་སྐྱབས་ཀྱིས་མགྲོན་པོ་སྣེ་ལེན་བྱེད་ཞོར་དགོད་བཞིན“འདིར་རྩིས་བརྒྱབ་མ་ཐག   སྟེགས་བུར་དེ་མ་ཉིད་དུ་འཆར་ཐུབ”ཟེར། 

དུས་ཐོག་གི་གཞི་གྲངས་དེ་དག་མཐར་རྐང་ཚ་རྫོང་གི་སྒོ་ཕྱུགས་གཞི་གྲངས་ཆེན་མོའི་སྟེགས་བུའི་ལྟེ་བའི་འཆར་ངོས་སུ་མངོན་ཡོང་ལ། དེ་ནི་སྒོ་ཕྱུགས་གསོ་སྤེལ་གྱི“རིག་ནུས་ལྟེ་སྙིང”རེད།  འཆར་ངོས་ཀྱི་དཀྱིལ་ན་རྐང་ཚ་རྫོང་གི་ས་རྒྱུས་ཆ་འཕྲིན་གྱི་རིས་ཁྲ་ཡོད་ཅིང་། རིས་ཁྲའི་སྟེང་འོད་ཆེམ་ཆེམ་བྱེད་པའི་གནས་དག་ནི་རྫོང་ཡོངས་ཀྱི་གསོ་སྤེལ་རྟེན་གཞི་ཡོད་ས་དང་།  ལྟ་ཞིབ་ཚད་ལེན་བྱེད་ས་སོགས་ཡིན།  གནས་རེ་རེ་ལ་དུས་ཐོག་གཞི་གྲངས་ཀྱི་འཚོལ་སྡུད་དང་བརྒྱུད་བསྐུར་བྱེད་ནུས་ཡོད་པ་མ་ཟད། གཞོགས་གཉིས་སུ་དུས་ཐོག་ལྟ་ཞིབ་ཚད་ལེན་གྱི་སྣང་ཚུལ་འདྲ་མིན་ཡང་བབ་བསྟུན་གྱིས་མངོན་ཡོད།

གཞི་གྲངས་འཕེལ་ཡོང་དུས།  ཚོང་རྟགས་ཀྱང་ཇེ་གསལ་རེད།  ང་ཚོའི་རྐང་ཚ་ཡི་སྐམས་ཤ་ཧ་ཅང་ཞིམ།  སྔོན་ཆད་ཕྱིར་བཙོང་ཡང་ཁུག་མའི་སྟེང་ཐ་ན་རང་ལ་དབང་བའི་ཚོང་རྟགས་ཀྱང་མེད།  ད་ལྟ་སྔོན་ཆད་དང་མི་འདྲ་སྟེ།  ཚོང་རྟགས་ཡོད་པར་མ་ཟད་དུམ་བུར་ཐུམ་བརྒྱབ་ཡོད་པས་རིམ་པ་མཐོ་ཤོས་ན་ཡོད་ཅེས་རྐང་ཚ་རྫོང་སྐྱེ་ལྡན་ཞིང་ཕྱུགས་ལས་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝན་ཕིང་གིས་ཡིད་ཆེས་ཀྱིས་ཁེངས་ནས་དེ་ལྟར་བཤད།

གློག་རྡུལ་རྒྱ་མའི་མ་ལག་བཀོལ་སྤྱོད་ཧ་ཅང་སྟབས་བདེ། 

ཐོན་ལས་འགྱུར་ལྡོག་གིས་ཕན་ཁེ་དངོས་བསྐྲུན།  ལོ་ངོ་ལྔའི་རིང་ལ། རྐང་ཚ་རྫོང་གིས་ལས་ཆོད་ཆེ་བའི་ཞིང་འབྲོག་ལས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། “སྲོལ་རྒྱུན་ནས་ཚོང་རྟགས”ཀྱི་འགྱུར་ལྡོག་ཆེན་པོ་མངོན་དུ་འགྱུར་བ་དང་།  མ་དངུལ་དུང་ཕྱུར2.64བཏང་སྟེ་སྒོ་ཕྱུགས་ཐོན་ལས་རིམ་སྤར་ལ་སྐུལ་འདེད་བཏང་ནས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ས་གཤིས་མཚོན་རྟགས་ཅན་གྱི་དཔང་ལྡན་ཚོང་རྟགས36སྐྱེད་སྲིང་བྱས།  ཚོང་རྟགས་གསར་བཟོ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད།  དྲ་ཐོག་དང་དྲ་འོག་གི་བྲིན་འོང་བྱེད་སྟངས་བེད་སྤྱོད་བཅས་བྱས་པས།  ཕྱིར་གཏོང་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར6.3596ལ་བསླེབས་ཤིང་། དྲ་ལམ་ཕྱིར་འཚོང་གིས་ཐོན་རྫས་རིན་ཐང་སྒོར་ཁྲི4624.88བརྒལ་བ་མངོན་འགྱུར་བྱས། ཟླ་དྲུག་པའི་ལྷ་ཆབ་ཁུགས་ཀྱི་མཚོ་ངོས་སྔོ་ཞིང་དྭངས་ལ། ཡུལ་སྐོར་བ་ཡང་ཇེ་མང་རེད། འབྲོག་པ་དཔལ་མཁར་རྒྱལ་གྱིས་སྒ་དང་དར་ལོང་གིས་བརྒྱན་པའི་རང་ཁྱིམ་གྱི་གཡང་ཟོག་གཡང་ལ་བོ་པར་ལེན་ཁུལ་དུ་ཁྲིད་དེ་ཡུལ་སྐོར་སྐུ་མགྲོན་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།  ཟླ་ལྔ་བ་བསླེབས་མ་ཐག ཟླ་རེར་སྒོར་ཁྲི་ལྷག་གི་ཡོང་སྒོ་རག་ཐུབ།  ཁྱིམ་དང་ཐག་ཉེ་ལ། སྒོར་མོ་ཡང་བཙལ་ཐུབ་ཅེས་དཔལ་མཁར་རྒྱལ་གྱིས་བཞིན་ལ་འཛུམ་གྱིས་ཁེངས་ཤིང་། ཡིད་ཚིམ་པའི་ཉམས་ཤིག་ཤར།

དཔལ་མཁར་རྒྱལ་གྱིས་སྐུ་མགྲོན་ལ་སྣེ་ལེན་བྱེད་བཞིན་པ།

ཁོ་དང་འདྲ་བར་འབྲོག་པ་མང་པོ་ཞིག་གིས“ཐོན་ཁུངས་རྒྱུ་ནོར་ལ་བསྒྱུར་བ་དང་། འབྲོག་པ་མ་རྐང་ཅན་ལ་བསྒྱུར”བའི་མངར་ཁ་མྱངས།  ལྷ་ཆབ་ཁུགས་དང་གསེར་ཉའི་ཁྱིམ་གཞིས་སོགས་ལྟེ་བའི་ལྗོངས་ཁུལ་དུ་རྐང་ཚ་རྫོང་གིས“རྩྭ་ར་མ་རྐང་དུ་ཞུགས་པ་དང་། གླ་ཡོད་ལས་ཞུགས།  རང་རྐྱའི་གཉེར་སྐྱོང”བཅས་བྱེད་སྟངས་གསུམ་ལག་བསྟར་བྱས་ཡོད་དེ།  སྡེ་བ་ཐུན་མོང་རྩྭ་རའི་མ་རྐང་དུ་ཞུགས་ནས་ཁེ་སྤོགས་བགོ་བ་དང་། ཞིང་འབྲོག་པ་རྣམས་སྐྱེ་ཁམས་འགྲེལ་བཤད་པ་དང་གད་བདར་བ། པ་སེ་ཕྱིར་འཚོང་བར་གྱུར་བ་དང་།  སྐྱ་མི་རུ་ཁག་བང་གིས་རྒྱུག་ཅིང་། བོད་ཟས་དག་མོའི་བཅུད་ལ་མྱོང་བ།  རིག་གནས་གསར་གཏོད་ཕྱིར་འཚོང་ལ་སོགས་ཀྱིས་མང་ཚོགས་རྣམས“སྦྱིན་བདག”ཏུ་གྱུར་ཡོད། 

“སྡེ་མིའི་ཡོང་སྒོ་ཇེ་མང་དུ་ཕྱིན་ཡོད། ཁེ་ལས་ཀྱིས་སྡེ་བ་ཐུན་མོང་གི་དཔལ་འབྱོར་གོང་སྤེལ་ལ་སྐུལ་ཁྲིད་བྱས་ནས་ཤུགས་བརྒྱབ་པ་དང་།   ཡོང་སྒོ་རང་ཁྱིམ་ནས་རག་ཐུབ་པ་མ་ཟད།  ཕྱི་ཡོང་སྐུ་མགྲོན་ལ་འབྲེལ་འདྲིས་ཀྱང་བྱེད་ཐུབ་པས་ཚད་ངེས་ཅན་ནས་སྡེ་མའི་མཐོང་རྒྱ་བསྐྱེད་ཐུབ་ཡོད་ཅེས་ལྗོངས་ཁུལ་ཀུང་སིའི་སྤྱི་གཉེར་བ་ལིའུ་ཀྲུང་ཆིང་གིས་དེ་ལྟར་བཤད།  སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་སྒྱུར་གཉིས་མཚོ་སྔོན་པོའི་འགྲམ་དུ་མཉམ་གཤིབ་ཀྱིས་བསྐྱོད་བཞིན་ཡོད།

ལྷ་ཆབ་ཁུགས་ལྗོངས་ཁུལ་གྱི་ཡུལ་སྐོར་བས་པར་ལེན་པ།

དམངས་ཚིས་འགྱུར་ལྡོག་གིས་བདེ་སྐྱིད་བསྐྲུན།  ལོ་ངོ་ལྔའི་རིང་ལ་རྐང་ཚ་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་སྤེལ་ལ་བརྟེན་ནས་ཐུན་མོང་རིམ་སྤར་མངོན་འགྱུར་བྱས།  “ཉ་དང་འདབ་ཆགས་ཀྱི་དག་ཞིང་སྟེ・བོད་མཁར་རྐང་ཚ”ཞེས་པའིIPལྟེ་བར་གཞི་ཚུགས་ཏེ།  ཞིང་ཆེན་རིམ་པའི་ཞིང་གྲོང་ཡུལ་སྐོར་གྱི་གྲོང་ཚོ་གཙོ་བོ་དང་། རྫོང་རིམ་པའི་དཔེ་སྟོན་ས་ཚིགས་གསར་འཛུགས།  དམངས་ཤག་དང་ཞིབ་སློབ་སོགས་ལས་རིགས་གསར་པ་གསོ་སྐྱོང་བཅས་བྱས་ཏེ།  ཐད་ཀར་མང་ཚོགས་བརྒྱ་ཕྲག་ལྷག་ལས་ཞུགས་ལ་སྐུལ་བ་དང་། མང་ཚོགས་ཁྲི་ལ་ཉེ་བར་ཕན་ཁེ་བསྐྲུན།  དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་རག་ཐུབ་ཡོད་པས། སྐྱེ་ཁམས་རིག་གནས་ཀྱི་དགེ་མཚན་ཆེན་པོ་དེ་ད་ལྟ་དམངས་ཚིས་ཕན་བདེ་རུ་བསྒྱུར་བཞིན་པའི་སྒང་རེད།


མཚོ་སྔོན་པོའི་བྱང་ངོགས། 

དེ་ལྟར་སྐྱེ་ཁམས་ཐད་མ་དངུལ་དུང་ཕྱུར་བཏང་སྟེ་སླར་གསོ་ལས་གཞི་ལག་བསྟར་བྱས་ཤིང་།  རྩྭ་ཐང་གི་སྐྱེ་དངོས་ཁེབས་ཚད་བཅུ་ཆའི་བདུན་ལ་བསླེབས།  གསེར་ཉ་དང་དགོ་དམར་གྱི་གྲངས་འབོར་ཆེ་ཆེར་འཕར་བ་དང་། ཐོན་ལས་ལ་ཁོངས་ཡོངས་ཀྱི་སྐྱེ་ལྡན་དཔང་བདེན་ཐོབ།   ཚོང་རྟགས་ལ་ཞང་ཀང་གིས་ཁས་ལེན་ཐོབ་པ་དང་།  ནུས་ཁུངས་གཙང་མ་ཁུལ་ཡོངས་ཀྱི་སྣེ་ཁྲིད་དུ་གྱུར། རིག་གནས་ཡུལ་སྐོར་གྱིས་མི་བརྒྱ་ཕྲག་ལས་ཞུགས་ལ་སྐུལ།   དུད་ཚང་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་ལས་བརྒལ།    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་ལམ་ཐག་ལེ་དབར་སུམ་སྟོང་ལ་ཉེ་བ་དང་།  དམངས་ཚིས་ནོར་སྲིད་ཀྱི་སྟོབས་ཤུགས་ཆེ་ཤོས་དེ་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་གི་ཕྱོགས་སུ་བཏོན་ཡོད་པ་དང་། མི་རིགས་མཐུན་སྒྲིལ་དང་བཅོས་སྐྱོང་གི་ཕན་ཆོད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་པ་སོགས་གནས་འདིར་འགྱུར་ལྡོག་བྱུང་དང་འབྱུང་བཞིན་འདུག   

མཚོ་ཆེན་གྱི་བྱང་ངོས་སུ་ལ་ལྔོའི་འབྲས་བཟང་དུད།  སྐྱེ་ཁམས་ཀྱི་མཛེས་པ་དང་བདེ་སྐྱིད་ངོ་མ་དེ་མཚོ་འཕགས་སྨི3300ཡི་ས་གཞི་འདིའི་སྟེང་འོད་གཅིག་ཏུ་འཕྲོས་ཏེ།  “སྐྱེ་ཁམས་མཛེས།་ཤིང་སྡུག  ཐོན་ལས་དར་ཞིང་འཕེལ།   མང་ཚོགས་ལོངས་སྤྱོད་རྒྱས།  སྤྱི་ཚོགས་འཆམ་ཞིང་བདེ”བའི་ལྗོངས་རིས་ཉམས་དགའ་བ་ཞིག་ས་ལ་ཡན་གྱིས་བཀྲམ་བཞིན་འདུག 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།