
མཚོ་བོད་ལྕགས་ལམ་ནི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་ཡི“སྲོག་རྒྱུན”ཡིན།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ནམ་མཁའ་སྔོ་ཞིང་དྭངས།
ཚྭ་འདམ་གཤོངས་ཀྱི་ལྷོ་མཐའ་ན། དབུས་ཚྭ་མཚོ་དཀར་མོའི་ཡངས་པའི་མཚོ་ངོས་སུ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད།
མྱ་ངམ་ཐང་ཆེན་དེའི་ཕུགས་ན། ཀྲུང་གོའི་ལྕགས་ལམ་མཚོ་སྔོན་སྡེ་ཤོག་ཚད་ཡོད་ཀུང་སིའི་མཚོ་སྔོན་ལྕགས་ལམ་ཟོང་འགྲེམ་ལྟེ་གནས་དབུས་ཚྭ་མཚོ་ཟོང་འགྲེམ་ལས་གཉེར་པུའུ་ཡི་ཟོང་སྐྱེལ་ས་ཚིགས་སུ་གཡུ་འབྲུག་ས་ལ་བབས་པ་ལྟར་བརྗིད་པའི་ཟོང་སྐྱེལ་མེ་འཁོར་ཞིག་ལམ་དུ་ཆས་གྲབས་འདུག
ཉི་འོད་ཟོང་སྐྱེལ་ས་ཚིགས་ཀྱི་སྟེགས་བུར་ཕོག་པ་ན། ལྕགས་ཀྱི་འཁོར་སྒམ་ཕྱི་ངོས་ལས་འོད་ཆེམ་ཆེམ་འཕྲོས་འོང་།
ཚྭ་རྐོ་འཕྲུལ་འཁོར་གྱི་སྣ་ཞགས་ཀྱི་འདེགས་འཇོག་དང་བསྡེབས་ནས་འུར་སྒྲ་ཆེན་པོ་ཞིག་མྱ་ངམ་ཐང་ཆེན་དུ་ཁྱབ་ཅིང་། ཁིལ་རྨེ་རྫས་ཁེམ་རེ་རེ་འཁོར་སྒམ་དུ་ཟོར་ཡངས་པོས་བླུགས་བྱུང་།
རྒྱལ་ཡོངས་ཅཱ་ལུད་སྐྱེལ་འདྲེན་གྱི་ལྟེ་བ་ཡིན་པའི་ཆ་ནས་དབུས་ཚྭ་མཚོའི་ལྕགས་ལམ་ཟོང་འགྲེམ་ལས་གཉེར་པུའུ་ཡིས་ལོ་མང་པོར་ཚྭ་མཚོ་མ་རྐང་དང་། ཙང་ཀེ་ཅཱ་ལུད་སོགས་སྣེ་ཁྲིད་ཁེ་ལས་ལ་ཞབས་ཞུ་བསྒྲུབས་པ་དང་། ལོ་ངོ20ཡི་ལོ་ཟླ་ཉིན་བཞིན་སྐྱེལ་ནས་ལས་གནས་བརྟན་སྲུང་བྱས། དེ་ནི་མཚོ་བོད་ལྕགས་ལམ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཟོང་འདྲེན་ལས་གཉེར་པུའུ་ཡིན་ཏེ། ཟོང་འདྲེན་གྱི་ས་ཚིགས་རིམ་པ་དང་པོར་གཏོགས།ཟོང་འདྲེན་འཁོར་སྟེགས་སུ་འཁོར་རིགས་སྣ་ཚོགས་དངོས་ཟོང་ཕར་སྐྱེལ་ཚུར་འདྲེན་ལ་བྲེལ་བཞིན་འདུག ད་ལོ་ནི་མཚོ་བོད་ལྕགས་ལམ་ཡོངས་ཤར་གཏོང་བྱས་ནས་ལོ་འཁོར20ལོན་པའི་ལོ་ཡིན་ཏེ། ལམ་འདི་ནི་ཁུ་ནུ་རི་བོ་དང་ཚྭ་མཚོ་ཆེན་པོར་བརྒལ་བའི་ལྕགས་ལམ་གཙོ་བོ་ཡིན་ཞིང་། སྔ་མོ་ཞིག་ནས་མཚོ་སྔོན་གྱི་ཚྭ་མཚོའི་དཔལ་འབྱོར་ཤུགས་ཀྱིས་སྒུལ་བའི“གསེར་གྱི་འཇའ་ཤིང”ལྟ་བུར་གྱུར་ནས་ཀྲུང་གོའི་ཆེས་ཆེ་བའི་ཅཱ་ལུད་རྟེན་གཞིས་ཐོན་སྐྱེད་བྱས་པའི་རིན་ཆེན་གཏེར་རྫས་མང་པོ་རྒྱུན་ཆད་མེད་པར་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བསྐྱལ། “དེ་ནི་ཅཱ་ལུད་ཀྱི་གནམ་འོག་རེད”ཟེར།
སྐད་ཆ་དེ་བཤད་མཁན་གྱི་མིང་ལ་ཝང་ཙའོ་ལིང་ཟེར། དབུས་ཚྭ་མཚོའི་ལྕགས་ལམ་ཟོང་འགྲེམ་ལས་གཉེར་པུའུ་ཡི་སྤྱི་གཉེར་གཞོན་པ་ཡིན། ཁོའི་བཞིན་མདངས་ཅུང་སྨུག་ལ། སྐད་གསེང་མཐོ། མདུན་གྱི་ལྕགས་ལམ་ལ་མཛུབ་མོས་གེར་ཞོར་ལམ་འདི་ནི་ཚྭ་མཚོའི‘སྲོག་རྒྱུན’ཡིན་ཟེར། ན་ནིང་གནས་འདི་ནས་དངོས་ཟོང་ཏུན་ཁྲི700ལྷག་བསྐྱལ་བ་དང་། ད་ལོར་ཏུན200ལྷག་བསྐྱལ་ཟིན། སྔོན་རྩིས་བྱས་ན་ལོ་ཧྲིལ་བོར་ཏུན800ལས་བརྒལ་སྲིད་ཟེར།
གྲངས་ཀའི་རྒྱབ་ལོགས་ནི་མེ་འཁོར་དང་ཚྭ་རྐོ་འཕྲུལ་འཁོར་གྱི་འུར་སྒྲ་ཡིན།
ན་གོར་མོའི་དབུས་ཚྭ་མཚོའི་ཐོན་ལས་རྟེན་གཞི་ཆེན་མོའི་བཟོ་ལས་གླིང་གི་མཚོ་སྔོན་ཚྭ་མཚོའི་རིག་ནུས་ཟོང་སྐྱེལ་ཟོང་འགྲེམ་ཚད་ཡོད་ཀུང་སིའི་ཅཱ་ཐོན་རྫས་ཟོང་འདྲེན་འཁོར་ཁང་དུ་ཚ་ཚ་འུར་འུར་གྱིས་ཁེངས་པའི་རྣམ་པ་གཞན་ཞིག་གིས་ང་ལ་སེམས་འགུལ་ཐེབས་སུ་བཅུག་བྱུང་།
ལྕགས་ལམ་གྱི་འདོན་འཇུག་འཁོར་ལམ12རྒྱུད་སྐུད་བཞིན་ས་ཆེན་གྱི་ཕུང་བར་བསྲིངས་པ་དང་མཚུངས་ལ། དབོར་འདྲེན་རླངས་འཁོར་ནི་ཕར་འགྲོ་ཚུར་བརྒལ་བྱེད་ཅིང་། འདེགས་བྱེད་ཀྱི་དཔུང་བ་ཡར་འགུགས་མར་འབབ་བྱས་ཏེ་ལུད་རྫས་རིམ་པའི་ཁིལ་འགྱུར་ཅཱ་སྒྱེ་མོ་རེ་རེ་ཨང་རྟགས་ལྟར་འཁོར་སྒམ་དུ་འཇུག་བཞིན་ཡོད།
ཟོང་འདྲེན་འཛིན་དཔོན་མཱ་ཧུའུ་ཧྲན་ལས་ལ་བྲེལ་ནས་ཁོམ་ལོང་མི་འདུག
ཁོ་ལན་རེར་དབོར་འདྲེན་རླངས་འཁོར་འཁོར་ལམ་ལས་འདའ་བར་སྙོམས་སྒྲིག་བྱེད་ཅིང་། ལན་རེར་དངོས་ཟོང་འཇོག་སའི་ཨང་རྟགས་འགྲིག་མིན་ལ་ཞིབ་བཤེར་དང་། ལན་རེར་འབབ་ཚིགས་ཀྱི་སྒྲིག་ཆས་ལ་སྐོར་བཤེར་བྱེད་པ་རེད། ནག་པོའི་གདོང་ལ་རྔུལ་ཆུས་བརླན་ན་ཡང་མིག་ལ་ཕུར་ཚུགས་ཀྱི་མདངས་ཤིག་འཁྱིལ། དེ་རིང་མེ་འཁོར་གསུམ་དང་འཁོར་སྒམ135ལ་དངོས་ཟོང་བསྒྲིགས་དགོས་པ་དང་། དེའི་ནང་ལུད་རྫས་རིམ་པའི་ཁུལ་འགྱུར་ཅཱ་ཏུན8000ལྷག་བཅུག་ཡོད་ཅིང་། དུས་ལྟར་ཧྲན་ཏུང་དང་ཧོ་ནན་གཉིས་ལ་བསྐྱལ་དགོས་ཞེས་ཟོང་འདྲེན་འཁོར་ཁང་གི་ཀྲུའུ་རེན་མཱ་ཧྲོང་ཏེ་ཡིས་ཚ་ཚ་འུར་འུར་གྱི་ལས་ཡུལ་དངོས་བསྟན་ཞོར་དེ་ལྟར་བཤད།
ཏུན8000ལྷག་ནི་ཚད་ག་འདྲ་ཞིག་ཡིན་ཞེ་ན།
གལ་ཏེ་ལྗིད་ཚད་ཏུན30ཅན་གྱི་དོས་སྐྱེལ་རླངས་འཁོར་ཞིག་ཡིན་པའི་དབང་དུ་བཏང་ན་ཧ་ལམ་རླངས་འཁོར300དགོས་པ་དང་། གྲལ་རིང་བོ་ལེ་དབར་བཅུ་ཕྲག་ལ་བསྒྲིགས་ནས་བསྐྱོད་དགོས། དེ་ལྟ་ན་ཡང་གནས་འདིའི་འཁོར་སྒམ135ཅན་གྱི་ཟོང་སྐྱེལ་མེ་འཁོར་ནི་བཀའ་བརྡ་བསྒྲགས་མ་ཐག་དེ་མུར་ལམ་དུ་ཆས་ཆོག
ཅཱ་ལུད་ནི་འབྲུ་རིགས་ཀྱི“འབྲུ་རིགས”ཡིན། ས་གཞི་ལ་དེ་མེད་ན་ལོ་ཏོག་གིས་གཞུང་ཤིང་བརྟན་ཐབས་མེད།
དཔྱིད་རྨོད་ཀྱི་དུས་ལ་བབས་ཚེ། གནས་འདིའི“འཁོར་མདའ་བསྟུད་མར་འཁོར་དགོས་པ”ཡིན།
རྒྱུ་མཚན་ཧྲན་ཏུང་གི་སྔོ་ཚལ་དྲོད་ཁང་དང་། ཧོ་ནན་གྱི་གྲོ་ཞིང་། ཤར་བྱང་གི་ས་ནག་སོགས་ཀྱིས་གནས་འདིའི་ཅཱ་ལུད་ལ་སྒུག་ནས་ཡོད།
ཟོང་སྐྱེལ་ཐེངས་རེ་རེ་ཡིས་ཁུར་དུ་ཐེག་པ་ནི་ལྗིད་ཏིག་ཏིག་གི་རེ་སྒུག་དེ་རེད།
མཱ་ཧྲོང་ཏེས་འདི་སྐད། ཉེ་སྔོན་ཞིག་ལ་ཟོང་འདྲེན་འཁོར་ཁང་གིས་ཉིན་རེར་ཧ་ལམ་ཏུན་ཁྲི2རེ་བསྐྱལ་དགོས་པས། མཚན་གོང་ལ་ཡང་འབབ་ཚིགས་ཀྱི་གློག་སྒྲོན་གཟིམ་ཁོམ་མེད་ཅིང་། འཕྲུལ་འཁོར་གྱི་འུར་སྒྲ་ཡང་འཇགས་ཐུབ་མེད་པར་མཁོ་སྤྲོད་འགན་ལེན་གྱི་ཆེད་དུ་ལས་ཀ་བ་ཡོངས་ཀྱིས་ཉིན་མཚན་རེས་མོས་ཀྱིས་འབད་འཐབ་བྱས་པ་ཡིན་ཟེར། ན་ནིང་། མཚོ་སྔོན་ཚྭ་མཚོའི་རིག་སྐྱེལ་ཟོང་འགྲེམ་ཚད་ཡོད་ཀུང་སིའི་ཟོང་སྐྱེལ་འཁོར་ཁང་ཁོ་ནས་ལྕགས་ལམ་སྐྱེལ་འདྲེན་བརྒྱུད་དེ་ཏུན་ཁྲི400ལྷག་བསྐྱེལ་འདྲེན་བྱས།
གཞི་གྲངས་དེ་དག་གི་རྒྱབ་ཏུ་མཚོ་སྔོན་ལྕགས་ལམ་གྱི་འདེགས་སྐྱོར་སྟོབས་ཆེན་དང་། “ལྕགས་ལམ+ཚྭ་མཚོ”ཡི་མཉམ་འབྲེལ་གཏིང་ཟབ་རེད།
ལོ་ངོ20ཡི་ཚུན་ལ། མཚོ་བོད་ལྕགས་ལམ་གྱིས་མྱ་ངམ་ཐང་གི་འགྲིམ་འགྲུལ་འགག་སྒོ་གཏོར་ཏེ་སྐྱེལ་འདྲེན་གྱི་མ་རྩ་འབོར་ཆེན་ཞིག་མར་བཅག་པས། དབུས་ཚྭ་མཚོའི་ཅཱ་ལུད་དེ“སྦུག་ཁང”ནས་རྒྱལ་ཡོངས་སུ་བསྐྱོད་དེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི“གྲུ་རྡོ”ལྟ་བུ་གྱུར།
“ལྕགས་ལམ་གྱིས་ང་ཚོར་གཏིང་ཤུགས་བསྩལ་སོང་། ཁེ་ལས་ལ་དགོས་མཁོ་ཅི་ཡོད་ལྕགས་ལམ་གྱིས་དང་ལེན་བྱེད་ཡོང་སྟེ། སྔོན་ལ་དགོས་མཁོ་དང་ལེན་དང་། སྔོན་ལ་འཁོར་རིགས་བཀོད་སྒྲིག སྔོན་ལ་དངོས་ཟོག་ནང་འཇུག སྔོན་ལ་དངོས་ཟོང་སྐྱེལ་འདྲེན་བཅས‘སྔོན་སྒྲུབ་བཞི’ཡི་ཞབས་ཞུ་བཏོན་ནས་ཅཱ་ལུད་ཕྱིར་གཏོང་ལ‘གེགས་མེད་བགྲོད་ལམ’ བཏོད་ཡོད་ཅེས་མཱ་ཧྲོང་ཏེ་ཡི་སྐད་ཆར་སེམས་འགུལ་གྱིས་ཁེངས་འདུག
སྔོན་ཆད། ཚྭ་མཚོའི་ཐོན་རྫས་ཕྱིར་སྐྱེལ་ནི་དཀའ་ཁག་ཧ་ཅང་ཆེ་ཤོས་ཤིག་ཡིན། ད་ལྟ་ཐོན་རྫས་གྲུབ་མ་ཐག་མེ་འཁོར་གྱིས་སྐྱེལ་འདྲེན་བྱེད་ཐུབ།
དབུས་ཚྭ་མཚོ་ཞེས་མྱ་ངམ་ཐང་གི་ས་ཚིགས་ཆུང་ཆུང་དེ་ད་ལྟ་ཀྲུང་གོའི་ཅཱ་ལུད་སྐྱེལ་འདྲེན་གྱི་ས་ཚིགས་དང་པོར་གྱུར། རྒྱལ་ནང་གི་ཆེས་ཆེ་བའི་ཚྭ་མཚོའི་ཐོན་ལས་ཚོགས་ལ་གཞི་བཅོལ་ཏེ་དབུས་ཚྭ་མཚོ་ཡང་རྒྱལ་ཡོངས་ཀྱི་ཅཱ་ལུད་སྐྱེལ་འདྲེན་གྱི་ལྟེ་བར་གྱུར། “ཁ་དོག་དཀར་བོའི་ཅཱ་ལུད”བཅུག་པའི་མེ་འཁོར་རེ་རེ་འདི་ནས་ལམ་ལ་ཆས་ཤིང་། མཚོ་བོད་ལྕགས་ལམ་བརྒྱུད་དེ་ཕྱོགས་བཞི་མཚམས་བརྒྱད་ལ་བསྐྱོད།
སྔོན་ཆད། འགྲིམ་འགྲུལ་མི་བདེ་བའི་དབང་གིས་ཅཱ་ལུད་སྐྱེལ་འདྲེན་དཀའ་བ་དང་། མ་རྩ་མཐོ་བ་སོགས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་བཀག་རྒྱ་ཐེབས། མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་རྗེས། དཀའ་ངལ་དེ་གཞི་ནས་སེལ།
ཁེ་ལས་ཀྱི་ཐོན་སྐྱེད་ནས་རྣང་ཞིང་གྲུ་བཞིའི་བར། མཚོ་བོད་ལྕགས་ལམ་གྱིས་ཕན་ཕྱོད་ཆེ་ལ་ཤར་མར་སྐྱོད་པའི་ཟོང་འགྲེམ་སྦྲེལ་ཐག་ཞིག་བརྒྱུས་ཏེ། ཚྭ་མཚོའི་ཐོན་ལས་ཕྱིར་འདྲེན་ལ་སྟབས་བདེ་སྔ་ན་མེད་པ་ཞིག་བསྐྲུན་ཡོད་པ་མ་ཟད། མ་རྩ་དེ་ལས་ཉུང་ལ། ཁྲོམ་ར་དེ་ལས་རྒྱ་ཆེན་པོ་ཞིག་བསྐྲུན་ཡོད།
མཚོ་བོད་ལྕགས་ལམ་གྱི་སྟོབས་ཀྱིས་རྫོགས་པའི་སྐྱེལ་འདྲེན་ནུས་ཤུགས་ལ་གཞི་བཅོལ་ཏེ། དབུས་ཚྭ་མཚོ་ཐོན་ལས་ཚོགས་ཡར་ངོས་ཟླ་བཞིན་འཕེལ་ཞིང་། ཅཱ་ལུད་དང་། རྨེ་ཚྭ། ལི་ཚྭ་སོགས་སྣ་མང་ཅན་གྱི་ཐོན་ལས་རྣམ་པ་གྲུབ་ནས་མཚོ་སྔོན་བཟོ་ལས་དཔལ་འབྱོར་གྱི་འཕར་སྣེ་གལ་ཆེན་ཏུ་གྱུར་ཡོད།
ལྕགས་ལམ་ཡོད་ན་ད་གཟོད་ཐོན་ལས་དར། ཐོན་ལས་དར་ན་ད་གཟོད་དཔལ་འབྱོར་རྒྱས།
2006ལོའི་ཟླ7ཚེས1ཉིན། མཚོ་བོད་ལྕགས་ལམ་ཡོངས་ཤར་གཏོང་བྱས་རྗེས། ལྕགས་འབྲུག་ཆེན་པོ་ཞིག་མྱ་ངམ་ཐང་གི་ཚྭ་མཚོ་བརྒལ་བ་ནས་བཟུང་། ཚྭ་འདམ་གཞོང་གི་འགྲིམ་འགྲུལ་རྣམ་པ་ལ་འགྱུར་ལྡོག་བྱུང་བ་མ་ཟད། དབུས་ཚྭ་མཚོའི་ཐོན་ལས་གོང་སྤེལ་ལ“ལྕགས་ཀྱིས་སྐུལ་བའི་རྟ་ཕོ”ཇི་བཞིན་ཇེ་མགྱོགས་སུ་ཕྱིན།
ལོ་ངོ་ཉི་ཤུའི་རིང་གི་ལོ་ཟླའི་འཁོར་སྐྱོད་ཁྲོད། མཚོ་བོད་ལྕགས་ནི་སྔ་མོ་ཞིག་གནས་འགྲིམ་འགྲུལ་ལམ་ཞིག་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་བྱེད་ཀྱི“སྒུལ་ཤུགས”དང་། ཚྭ་མཚོ་ཐོན་ལས་དར་འཕེལ་གྱི“སྲོག་རྒྱུན”ལྟ་བུར་གྱུར། ལོ་ངོ20ཡི་རིང་ལ། མཚོ་བོད་ལྕགས་ལམ་གྱི་སྐུལ་ཁྲིད་འོག་ཚྭ་མཚོའི་ཐོན་ལས་ཡར་ངོས་ཟླ་ལྟར་འཕེལ་བ་མ་ཟད། ན་གོར་མོ་ཡང་མྱ་ངམ་ཐང་གི་གྲོང་ཁྱེར་ཆུང་ཆུང་ཞིག་ནས་མཚོ་བོད་མཐོ་སྒང་གི་བཟོ་ལས་ལྟེ་གནས་དང་ཟོང་འགྲེམ་ལྟེ་གནས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད།
མཚོ་བོད་ལྕགས་ལམ་ནི་ཚྭ་མཚོའི་ཐོན་ཁུངས་ཀྱི་ལས་དབང་བསྒྱུར་བའི་སྐྱེལ་འདྲེན་ལམ་ཐིག་ཅིག་ཡིན་ལ། མཐོ་སྒང་གི་ཐོན་ལས་རིམ་སྤར་སྒུལ་བྱེད་ཀྱི་དཔལ་འབྱོར་ལམ་ཐིག་ཅིག་ཀྱང་རེད།
དབུས་ཚྭ་མཚོ་ནས་ལམ་ལ་ཆས་པའི་ཅཱ་ལུད་ཏུན་རེ་ཡིས་ཚྭ་མཚོའི་དྲི་བཞོན་བསྣམས་ཡོད་ལ། ལྕགས་ལམ་གྱི་དྲོད་ཚད་འཁྱེར་ཡོད།
ཁོ་ཚོ་ཁུ་ནུ་རི་བོའི་རླུང་གིས་དེད་ཅིང་། མཚོ་སྔོན་པོའི་རླབས་སྒྲར་ཉན་ཞོར། ས་སེར་མཐོ་སྒང་གི་ལ་ལུང་བརྒྱུད་ནས་མཐར་ནང་ལོགས་ཀྱི་ཡངས་པའི་རྣང་ཞིང་དུ་གཏོར།
གྲོ་ལྗང་རེ་རེ་ག་ལེར་རྒྱས་ཤིང་། སྔོ་ཚལ་ལོ་འདབ་ག་ལེར་གྲོལ་བའི་སྲོག་གི་རྒྱུན་ཐག་དེ་ནི་ཅཱ་ལུད་ཀྱི་བཤུལ་ལམ་རང་ཡིན་ལ། མཚོ་བོད་ལྕགས་ལམ་གྱི་དོན་སྙིང་ཡང་རེད།