《ཞི་ཅིན་ཕིང་གི་རིག་གནས་བརྩེ་སེམས》སོགས་དངོས་བཤུས་གློག་བརྙན་ལའོ་ཝུའོ་རུ་གཏོང་འགོ་བརྩམས། 

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ

ས་གནས་ཀྱི་དུས་ཚོད་ཟླ་དྲུག་པའི་ཚེས་གཅིག་ཉིན། ཀྲུང་གོ་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་སྦྱོར་བྱས་པའི《ཞི་ཅིན་ཕིང་གི་རིག་གནས་བརྩེ་སེམས》དང་། 《སྣེ་འཁྲིད(རྒྱལ་སྤྱིའི་པར་གཞི)》《གླེགས་བམ་ཁྲོད་ཀྱི་དགོངས་པ་གསར་པ》བཅས་ཀྲུང་གོའི་དངོས་བཤུས་གློག་བརྙན་ཁག་གསུམ་ལའོ་ཝུའོ་ཡི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོགས་ལའོ་ཝུའོ་ཡི་གཙོ་རྒྱུན་སྨྱན་སྦྱོར་དུ་གཏོང་འགོ་བརྩམས། ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱིས་ཤིས་འཕྲིན་བསྐུར་ནས་ལེ་ཚན་བཏང་བར་རྟེན་འབྲེལ་ཞུས།

ཐུང་ལུན་གྱིས་ཤིས་འཕྲིན་ནང་བསྟན་དོན། 《ཞི་ཅིན་ཕིང་གི་རིག་གནས་བརྩེ་སེམས》སོགས་དངོས་བཤུས་གློག་བརྙན་ནང་ཀྲུང་གོའི་མཚན་ཉིད་རིག་པའི་བློ་གྲོས་འདུས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཁྲོད་ཀྱི་གཟིགས་རྒྱང་རིང་ཞིང་དགོངས་པ་ཟབ་མོ་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་མོ་དང་། ཁོང་གི་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་དུས་ཡུན་རིང་བའི་དཔལ་ཡོན་ལོ་རྒྱུས་ཐད་ཀྱི་དགའ་ཞེན་ཚད་མེད་བཅས་མཚོན་ཡོད། དུས་མཚུངས་སུ།  དངོས་བཤུས་གློག་བརྙན་ལས་ཀྲུང་ཧྭའི་དཔལ་ཡོན་དེ་མི་རིགས་ཀྱི་རྩ་བ་དང་སྒུལ་ཤུགས་ཡིན་པའི་ངོས་ནས། ཀྲུང་གོའི་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་པ་དེ་ཡང་མཚོན་ཡོད་པས། འདི་ལའོ་ཝུའོ་ཡིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཏང་བའི་དུས་མཚུངས་སུ། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་བ་དང་། ལའོ་ཝུའོ་ཡི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་དཔྱད་གཞི་ཧ་ཅང་ཡག་པོ་ཞིག་རེད།

ད་ལོ་ནི་ཀྲུང་གོ་དང་ལའོ་ཝུའོ་བར་འབྲེལ་བ་བཙུགས་ནས་ལོ65འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་མཉམ་དུ་སྤེལ་བའི“ཀྲུང་ལའོ་ཡི་མཛའ་བརྩེ་ལོ”ཡང་ཡིན། ཟླ6པའི་ཚེས2ཉིན།  ཀྲུང་གོ་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ལའོ་ཝུའོ་ཡི་ཝན་ཞང་དུ་ལེ་ཚན་གཏོང་འགོ་བརྩམ་པའི་མཛད་སྒོ་བསྡུས།

《ཞི་ཅིན་ཕིང་གི་རིག་གནས་བརྩེ་སེམས》དང་། 《སྣེ་འཁྲིད(རྒྱལ་སྤྱིའི་པར་གཞི)》《གླེགས་བམ་ཁྲོད་ཀྱི་དགོངས་པ་གསར་པ》བཅས་དངོས་བཤུས་གློག་བརྙན་ཁག་གསུམ་ལའོ་ཝུའོ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་དང་། ལའོ་ཝུའོ་རྒྱལ་ཁབ་འཕྲིན་གཏོང་ཁང་། ལའོ་ཝུའོ་རྒྱལ་ཁབ་རྒྱང་སྒྲོག་ལས་ཁུངས།  ཝན་ཞང་་བརྙན་འཕྲིན་ཁང་སོགས་གཙོ་རྒྱུན་སྨྱན་སྦྱོར་གྱིས་གཅིག་རྗེས་གཉིས་མཐུད་ངང་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།