མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། རྒྱལ་ཁབ་གཞི་གྲངས་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝུའུ་ཧི་ཆོན་གདན་དྲངས་ཏེ། “རྩིས་ནུས་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས”ཞེས་པ་བརྗོད་དོན་དུ་བཟུང་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།

ཝུའུ་ཧི་ཆོན་གྱིས“རིག་ནུས་གཟུགས་ཀྱི་དུས་རབས་སྒུལ་བྱེད”དང“ལྗང་མདོག་རྩིས་ནུས་དྲ་བའི་གདོང་ལེན།” “སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་མཐོ་ས”བཅས་ཕྱོགས་གསུམ་གྱི་ཐད་ནས་མིས་བཟོས་རིག་ནུས་ལག་རྩལ་གྱི་འཕོ་འགྱུར་འཕེལ་ཕྱོགས་ལ་གསལ་འགྲེལ་གཏིང་ཟབ་བྱས་པ་དང་། མཚོ་སྔོན་གྱི་དམིགས་བསལ་དགེ་མཚན་དང་གོ་སྐབས་གལ་ཆེན་ལ་དབྱེ་ཞིབ་བྱས་པར་མ་ཟད། ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བའི་ཐབས་ལམ་གྱི་གྲོས་འགོ་བཏོན་ནས། ཚང་མར་གཞུང་ལུགས་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་ཆེན་པོ་ལྡན་པའི་ཟུར་ཁྲིད་སྙན་ཞུ་ཞིག་ཕུལ།

ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་ཐེངས་མང་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་གསལ་སྟོན་གཏིང་ཟབ་གནང་ནས། མཚོ་སྔོན་གྱིས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་ཚུགས་པར་བྱེད་པ་དང་། ཁྱད་སྟོབས་གྲུབ་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད། མཚོ་སྔོན་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ“གདམ་གསེས་རང་བཞིན་ཡོད་པའི་དྲི་གཞི”ཞིག་མིན་པར“ངེས་པར་དུ་ལན་འདེབས་དགོས་པའི་དྲི་གཞི”ཞིག་ཡིན་པ་དང་། “མངོན་འགྱུར་བྱེད་ཐུབ་མེད་པ་ཞིག”མིན་པར“མདུན་ལམ་ཆེན་པོ་ལྡན་པ་ཞིག”ཡིན་པ་དང་། “གཞན་དབང་གི་སྒོ་ནས་སྒུག་རྐྱང་མི་བྱེད”པར“རང་འགུལ་ངང་སྒྲུབ་དགོས་པ་ཞིག”ཡིན་པར་བརྟེན། ངེས་པར་དུ་ལངས་གནས་མཐོ་རུ་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གོ་སྐབས་དམ་འཛིན་དང་དཔའ་ངར་ཆེན་པོས་ཡང་རྩེར་སྙེག་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ནུས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་གནད་ལ་འཁེལ་བའི་སྒོ་ནས་བཙལ་ཏེ། ཆུ་དྲ་དང་གློག་དྲ་གསར་པ། རྩིས་ནུས་དྲ་བ། རབས་གསར་པའི་འཕྲིན་གཏོང་དྲ་བ། གྲོང་ཁྱེར་ས་འོག་གི་སྦུག་དྲ། ཟོང་འགྲུལ་དྲ་བ་བཅས་ཀྱི“དྲ་བ་དྲུག”འཛུགས་སྐྲུན་བྱ་རྒྱུ་དེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་ནུས་ལྡན་གྱི་དངུལ་གཏོང་རྒྱ་སྐྱེད་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཕྱོགས་མང་མཉམ་འགུལ་དང་ནུས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་། སྒོ་འབྱེད་རོགས་ལས་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤུགས་བསྣན་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་རྒྱུན་མཐུད་ངང་ཟབ་སྤེལ་གཏོང་བ། རིག་སྟོབས་རྩེ་གྲ་ལ་བརྟེན་ནས་རྣམ་སྒྱུར་གྱི་འཇུར་མིག་སེལ་བ་དང་ཕུགས་ཀྱི་བཀོད་སྒྲིག་ཇུས་འགོད་བྱེད་པ། རང་འགུལ་ངང་རྒྱལ་དབང་མ་རྩ་དང་ཀྲུང་དབྱང་ཁེ་ལས་ཀྱི་གསར་གཏོད་ཐོན་ཁུངས་དང་ཐོན་ལས་མ་རྩ། སྔོན་ཐོན་ལག་རྩལ་བཅས་འབྲེལ་མཐུད་གང་ལེགས་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་བར་སྟོང་རྒྱ་སྐྱེད་དང་སྒུལ་ནུས་གཅིག་སྡུད་བྱེད་དགོས། མཚོ་སྔོན་གྱིས་མིས་བཟོས་རིག་ནུས་ཀྱི་དུས་རབས་སུ་མདུན་ལམ་ཆེན་པོ་ཡོད་པར་ཡིད་ཆེས་བརྟན་པོ་བྱེད་པ་དང་། ལྗང་གློག་གི་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་སྟེང་བསྐྱོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་རྣམ་པ་གསར་པ་འབད་པས་གཏོད་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ།  ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་སོ་སོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།