
དཔྱིད་ཀྱི་དཔལ་ཡོན་བཞད་པའི་ཟླ་ལྔ་པར། མཐོ་སྒང་གི་ས་གཞིར་དྲོད་ཁོལ་རྒྱས་ཤིང་རྩྭ་ལྗང་གི་མྱུ་གུ་འབུས་ལ། དྭངས་གཙང་གི་བསིལ་རླུང་འཇམ་པོར་ལྡང་བའི་ཁྲོད། ལམ་ཐག་ལ་སྤྱི་ལེ121.3ཡོད་པའི་མཚོ་སྔོན་པོའི་ཨང་རྟགས་དང་པོའི་གཞུང་ལམ་སྟེང་མཚོ་སྐོར་ཡུལ་སྐོར་གྱི་དུས་བཟང་བསུས་ཡོད། མཚོ་སྔོན་པོའི་ལྷོ་རྒྱུད་དུ་ལྷ་མོའི་སྐེད་ཆིངས་བཞིན་འཁྱིལ་བའི་གཞུང་ལམ་འདི་ནི་ཤར་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ནས་མགོ་བརྩམས་ཤིང་། ནུབ་རྟ་ནག་མ་གྲོང་རྡལ་བར་དུ་བརྐྱངས་ཡོད། དེ་ནི་རྩྭ་ཐང་དང་མཚེའུ། གངས་རི་བཅས་རང་བྱུང་གི་མཛེས་པ་གཅིག་ཏུ་སྦྲེལ་བའི་འགྲིམ་འགྲུལ་གྱི་ལམ་ཆེན་ཞིག་ཡིན་པར་མ་ཟད། གོམ་རེ་བགྲོད་ཚེ་ལྗོངས་རེ་མངོན་པའི་མཛེས་སྡུག་གི་རི་མོ་ཞིག་ཏུའང་གྲུབ་ཡོད།
རིག་སྨོན་གྲོང་རྡལ་གྱི་ལམ་གླ་བསྡུ་ལེན་ས་ཚིགས་ནས་གཞུང་ལམ་འདིར་ཞུགས་ཚེ། ལམ་ངོས་སྙོམས་ཤིང་ཁོད་ཡངས་ལ། འགྲིམ་འགྲུལ་གྱི་ལམ་རྟགས་གསལ་བོར་བཀོད་ཡོད་པ་དང་། ཆུ་ཚོད་རེར་སྤྱི་ལེ80ཀྱི་མྱུར་ཚད་ཚོད་འཛིན་བྱས་པ་དེས་ཡུལ་སྐོར་བ་རྣམས་ལ་དལ་གྱིས་བསྐྱོད་བཞིན་མཛེས་ལྗོངས་ལ་རོལ་བའི་ཡིད་ཀྱི་དགའ་སྟོན་ཞིག་བཤམས་ཡོད།
རླངས་འཁོར་དལ་གྱིས་མདུན་དུ་བསྐྱོད་པ་ན། མཚོ་སྔོན་པོའི་མཛེས་ཉམས་མིག་ལམ་དུ་རིམ་བཞིན་མངོན་ཡོང་ལ། གཡུ་མདོག་གི་མཚོ་མོ་དང་སྔོ་བསངས་ཀྱི་ནམ་མཁའ་གཅིག་ཏུ་འདྲེས་ཤིང་།གཞུང་ལམ་གྱི་གཡས་གཡོན་དུ་སྔོ་ལྗང་གི་སྤང་ཐང་མུ་མཐའ་བྲལ་ལ། རྒྱང་རིང་གི་གངས་རི་དཀར་པོ་དང་བརྗིད་ཉམས་ལྡན་པའི་མཚོ་མོ་ཕན་ཚུན་ཟླ་རུ་བབས་ནས་མཛེས་པའི་རྒྱན་དུ་གྲུབ་ཡོད། ལམ་འགྲམ་གྱི་ལྗོངས་གཟིགས་ཀྱི་ས་ཚིགས་རེ་རེར། ཡུལ་སྐོར་བ་རྣམས་ཀྱིས་གོམ་པ་བཤོལ་ཏེ་མཛེས་ལྗོངས་ལ་རོལ་བ་དང་དྲན་རྟེན་འདྲ་པར་ལེན་བཞིན་ཡོད་པ་དེས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་མཚོན་ཞིང་ཡུལ་སྐོར་བར་སྤྲོ་སྣང་སྦྱིན་ཡོད།
གཞུང་ལམ་འདི་གསར་དུ་ཤར་གཏོང་བྱས་པ་དེས་སྔོན་ཆད་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་འགྲིམ་འགྲུལ་འགག་པའི་གནད་དོན་ཡོངས་སུ་བསལ་བར་མ་ཟད། ད་དུང་ལམ་རྒྱུད་དུ་རླངས་འཁོར་འཇོག་ས་དང་ལྗོངས་གཟིགས་ས་ཚིགས་མང་པོ་བཀོད་སྒྲིག་བྱས་ཡོད་པས། ཡུལ་སྐོར་བ་རྣམས་ཀྱིས་རླངས་འཁོར་བཞག་སྟེ་མཛེས་ལྗོངས་ལ་རོལ་བར་སྟབས་བདེ་བཟོས་ཡོད་པ་དང་། དེ་མིན་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་མི་ཚོགས་བཀོད་སྒྲིག་ལེགས་པོ་བྱེད་པར་ཡང་ཕན་འབྲས་ཆེན་པོ་ཐོན་ཡོད། ལྷག་པར་དུ་རྣུར་ལྕེ་ལྟེ་བའི་ལམ་རྒྱུད་དུ་ལྕགས་རྟའི་ཆེད་ལམ་བཟོས་ནས་ལྕགས་རྟ་དང་རླངས་འཁོར་གཉིས་འགྲོ་ལམ་སོ་སོར་དབྱེ་སྟེ་ཡུལ་སྐོར་བའི་བདེ་འཇགས་ལ་འགན་ལེན་བྱས་ཡོད་ཅིང་། ལྕགས་རྟར་སྤྲོ་བའི་མི་རྣམས་ལ་དེ་བས་ཀྱང་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
གཞུང་ལམ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་སྐྱེ་ཁམས་གཙོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་29.51བཏང་ནས། ལམ་ཐིག་ཧྲིལ་པོ་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་དང་གཡོལ་ནས་སྐྱེ་ཁམས་འཛུགས་སྐྲུན་གྱི་རྣམ་པ་སྤྱད་ཡོད་དེ། འཛུགས་སྐྲུན་མ་བྱས་གོང་ས་གནས་ཀྱི་རྩྭ་རྩི་ཤིང་དང་སྲོག་ཆགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ལམ་བཟོ་བས་སྐྱེ་དངོས་ཀྱི་འཚོ་གནས་ཁོར་ཡུག་ལ་གཏོར་བཤིག་གཏོང་མིན་ལ་དཔྱད་སྡོམ་བྱས་པ་དང་། ལམ་འགྲམ་གྱི་རྩྭ་འདེབས་སྐབས་ས་གནས་རང་གི་རྩྭ་སོན་བསྲེས་ནས་བཏབ་ཡོད་པས། ལམ་འགྲམ་གྱི་གསེག་ངོས་སུ་སྔོ་ལྗང་གི་གོས་ཀྱིས་ཡོངས་སུ་བཀླུབས་ཏེ། ཅི་ནུས་ཀྱིས་མ་བཅོས་རང་བྱུང་གི་སྐྱེ་ཁམས་རྣམ་པ་སྲུང་སྐྱོབ་བྱས་ཡོད།
མཚོ་སྔོན་པོའི5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན། གཞུང་ལམ་དེས་མཚོ་སྐོར་ལྗོངས་གཟིགས་ས་ཚིགས6ཕན་ཚུན་གཅིག་ཏུ་སྦྲེལ་ཏེ། འགྲིམ་འགྲུལ་དང་ཡུལ་སྐོར་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་གྲོང་གསེབ་དར་སྤེལ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། དེ་དང་ཆབས་ཅིག ལམ་བར་དུ་ཞབས་ཞུའི་ཁུལ་དང་གློག་གསོག་ཆས་སོགས་ཀྱི་མཐུན་རྐྱེན་ཀུན་ནས་ཚང་ཞིང་། རིག་ནུས་ལམ་སྟོན་མ་ལག་སྒྲིག་སྦྱོར་བྱས་ཡོད་ལ། མཚོ་སྔོན་པོའི་རིག་གནས་མཚོན་རྟགས (IP) “ལན་ཏུའུ་ཏུའུ” སྤྱད་དེ་ལམ་གྱི་གནས་ཚུལ་དང་རླངས་འཁོར་འཇོག་ས་སོགས་ཀྱི་ཆ་འཕྲིན་རྒྱུས་ལོན་ཐུབ་ལ། ཁོངས་ཡོངས་མཐོང་རུང་ཅན་གྱི་དོ་དམ་ཚོད་འཛིན་ལས་སྟེགས་དང་ཟུང་འབྲེལ་བྱས་ཚེ། མཐོ་སྒང་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་མཁན་རྣམས་ལ་དེ་བས་ཀྱང་བག་ཕེབས་དང་བདེ་འཇགས་ཀྱི་འགན་ལེན་བྱས་ཡོད།
ཉི་མ་ནུབ་རིར་གཞོལ་བའི་ས་སྲོད་ཀྱི་དུས་སུ། ཉི་འོད་ཀྱི་རང་མདངས་མཚོ་ངོས་སུ་འཕྲོས་ཏེ་གསེར་གྱི་རླབས་རིས་རིམ་གྱིས་གཡོ་ཞིང་། ལམ་རྒྱུད་རིང་མོར་ཞི་འཇགས་དང་དྲོ་སྐྱིད་ཀྱིས་ཕྱུག་པའི་མཛེས་སྡུག་གི་རྣམ་པ་ཞིག་མངོན་པར་གསལ། མཚོ་སྔོན་པོའི་ཨང་རྟགས་དང་པོའི་གཞུང་ལམ་འདིས་ས་ཁུལ་གྱི་འགྲིམ་འགྲུལ་འགག་གནད་བསལ་བར་མ་ཟད། འཐུས་ཚང་གི་ཞབས་ཞུའི་མཐུན་རྐྱེན་དང་སྐྱེ་ཁམས་གཙོར་འཛིན་པའི་འདུ་ཤེས། ཞིབ་ཚགས་ཤིང་སྤུས་ལེགས་པའི་ཞབས་ཞུ་བཅས་ལ་བརྟེན་ནས། ཡུལ་སྐོར་བ་རྣམས་ལ་མཐོ་སྒང་གི་རྔམ་བརྗིད་ལྡན་པའི་རང་བྱུང་མཛེས་ལྗོངས་ཡིད་ཀྱི་དཔལ་དུ་འདྲེན་བཞིན་ཡོད་ལ། མཚོ་སྔོན་པོའི་ཡུལ་སྐོར་ལམ་ཐིག་གི་ཆེས་ཡིད་དུ་འོང་བའི་སྐྱེ་ཁམས་རིག་གནས་ཀྱི་མང་བྱང་གསར་པ་ཞིག་ཏུའང་གྱུར་ཡོད། །