ཟླ5པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ཐོན་ལས་ཀྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་ཧྲན་ཏུང་ཅི་ནན་གྲོང་ཁྱེར་དུ་བསྡུས། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་བཅུ་བཞི་དང་། ཞིང་ཕྱུགས་ལས་རིགས་ཀྱི་གཙོ་ཁྲིད་ཁེ་ལས་བརྒྱ་དང་བཅོ་ལྔ། མཐོ་རིམ་སློབ་གྲྭའི་ཚན་ཞིབ་ཁང་བཅུ་གསུམ། ལས་རིགས་མཐུན་ཚོགས་དང་གཙོ་རྒྱུན་སྨྱན་བྱད་ཀྱི་འཐུས་ཚབ་བཅུ་གསུམ་བཅས་ཚོགས་འདུར་ཞུགས་ནས། ཧྲན་ཏུང་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དང་ཐོན་ལས་མཐུན་སྦྱོར་སྔར་ལས་ཟབ་སྤེལ་བྱས་པ་དང་། ས་གནས་གཉིས་ཀྱི་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་བཏོན།
འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ། མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཐོན་ཁུངས་ཀྱི་དྲིལ་སྒྲོག་བརྙན་ཐུང་བཏང་ཞིང་། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་སྲིད་གཞུང་གི་འགོ་ཁྲིད་དང་ཞིང་ལས་ཞིང་སྡེ་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་ཤིས་ཚིག་ཕུལ་ནས་འོས་སྦྱོར་བྱས་ཏེ། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་གྱི་སྐྱེ་ཁམས་ཐོན་ཁུངས་དང་ཐོན་ལས་རྨང་གཞི། ཚོང་རྟགས་བསྐྲུན་པ། ཁྲོམ་རའི་ཕྱིར་འཚོང་། རོགས་སྐྱོར་སྲིད་ཇུས་སོགས་ལ་དམིགས་ནས་ཆེད་དོན་འོས་སྦྱོར་བྱས་པ་དང་། ཕྱོགས་ཡོངས་ནས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཆེན་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་པའི་གྲུབ་འབྲས་འགྲེམ་སྟོན་དང་། མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་སྦས་ཤུགས་དང་མཉམ་ལས་མདུན་ལྗོངས་མངོན་པར་བྱས་ཏེ། ཐོན་ལས་དངུལ་གཏོང་དང་ཐོན་རྫས་ཕྱིར་འཚོང་མཉམ་ལས་ཀྱི་གོ་སྐབས་གསར་བ་བརྩོན་ལེན་བྱས། མཚོ་སྔོན་དུ་དངུལ་གཏོང་བྱེད་པའི་ཧྲན་ཏུང་གི་ཁེ་ལས་གསུམ་གྱི་འཐུས་ཚབ་པས་ཡུལ་དངོས་སུ་མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བྱས་པ་དང་། གསོན་ཉམས་ལྡན་པའི་དཔེ་གཞིར་བརྟེན་ནས་ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་ཀྱི་དངོས་འབྲས་མཚོན་པར་བྱས་ཏེ། ཧྲན་ཏུང་ཁེ་ལས་ཀྱི་དངུལ་གཏོང་ཡིད་ཆེས་མཐོ་རུ་བཏང་།
འོས་སྦྱོར་ཡུལ་དངོས་སུ་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་བྱས་པ་དང་། བོད་ལུག་དང་ནོར་ནག ནས། ལོག་གར། འཁྱགས་ཆུའི་ཉ། གྲོ་མ། སྦྲང་རྩི་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བརྒྱ་ལྷག་གཅིག་བསྡུས་ཀྱིས་བཤམས་པ་དང་། ཚོགས་ཞུགས་སྐུ་མགྲོན་དང་ཚོང་པ་རྣམས་ཀྱིས་མཐོ་སྒང་གི་སྤུས་ལེགས་ཐོན་རྫས་ལ་རོལ་མྱོང་བྱས།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭ་ཆུ་མཛོད་ཀྱི་སྐྱེ་ཁམས་དགེ་མཚན་ལ་རྐང་བཙུགས་ཤིང་། ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་དང་རྒྱལ་ཡོངས་ཀྱི་ཆེས་གལ་ཆེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི། རྒྱལ་ཁབ་རིམ་པའི་དཔྱིད་ཀའི་ལོག་གར་དང་ཞོག་ཁོག་འདེབས་འཛུགས་རྟེན་གཞི། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་འཁྱགས་ཆུའི་ཉ་ཐོན་སྐྱེད་རྟེན་གཞི་བཅས་འགྲུབ་པ་དང་། ལྗང་མདོག་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། སྤུས་ལེགས་ཞིང་ལས་ཐོན་རྫས་གསར་བ། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་བཅས1531ཡོད་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ལོ་རེའི་ཕྱིར་གཏོང་ཚད་ཏུན་ས་ཡ་གཅིག་དང་འབུམ་བཞི་ཁྲི་དྲུག་ལས་བརྒལ་ནས། རྒྱལ་ཁབ་དང་ས་ཁུལ་ང་བཞིར་ཕྱིར་འཚོང་བྱས་སྟབས། དག་གཙང་མཚོ་སྔོན། མཐོ་སྒང་ཕུལ་རྫས་ཞེས་པའི་ཚོང་རྟགས་ཀྱི་ཤུགས་རྐྱེན་སྔར་ལས་ཆེ་རུ་ཕྱིན།
འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ་ཚོགས་ཞུགས་ཁེ་ལས་སོ་སོས་ད་དུང་ཐོན་རྫས་མཁོ་འཚོང་དང་ལས་གཞི་དངུལ་གཏོང་། ལག་རྩལ་གསར་སྤེལ། ཚོང་རྟགས་མཉམ་སྐྲུན་སོགས་ཀྱི་ནང་དོན་ལ་གཞིགས་ནས་གཅིག་གཏད་གཅིག་གིས་གྲོས་མོལ་བྱས་པ་དང་། རང་ཞིང་གི་ཁེ་ལས་ཀྱིས་ཡུལ་དངོས་སུ་ཁེ་ལས་གཞན་པའི་བར་ཐོག་མའི་མཉམ་ལས་གྲོས་མཐུན་བཞི་བཅུ་ལྷག་བཞག