ཝུའུ་ཞའོ་ཅུན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་འདུར་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས28ཉིན། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྱོད་གཞི་དཔེ་ལྟོས་སུ་བྱས་ནས་གོང་བཀུར་བྱེད་ཤེས་དགོས་ལ། རང་ངོས་ཞིབ་བཤེར་བྱས་ནས་བསམ་བློ་དང་བྱ་སྤྱོད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་དངོས་འབྲས་འབད་པས་བསྐྲུན་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་པ་དང་། ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཚོགས་འདུར་ཞུགས།

ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས། རང་ཞིང་གི་ལྡོག་ཕྱོགས་དཔེ་མཚོན་གྱོད་གཞིར་བརྟེན་ནས་དབྱེ་ཞིབ་སྒྲོག་འདོན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བའི་སློབ་སྦྱོང་སློབ་གསོའི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། གྱོད་གཞིར་དཔེ་ལྟོས་སུ་བྱེད་པ་དང་། དུས་རྟག་ཏུ་དོགས་ཟོན་བྱེད་དགོས། ངེས་པར་དུ་ཏང་འཛུགས་སྤྱིའི་ཆེད་དུ་ཡིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དམ་འཛིན་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱེད་པ། རང་འགུལ་གྱིས་བྱ་བ་དེ་སྤྱི་ཡོངས་ཁྲོད་བཞག་ནས་དམ་འཛིན་དང་སྐུལ་འདེད་གཏོང་བ། དཀྱེལ་ཡངས་ཀྱི་མི་ཞིག་བྱེད་པ་དང་གཟབ་ནན་གྱིས་བྱ་བ་སྒྲུབ་སྟེ། བྱ་བ་ཚང་མར་སྤྱི་སེམས་འཛིན་པ་དང་། དྲང་པོ་དྲང་གཞག་བྱེད་པ། རྒྱུ་འབྲས་བརྩི་སྲུང་བཅས་བྱེད་དགོས། ངེས་པར་དུ་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པའི་རྩ་བའི་དམིགས་འབེན་བརྟན་སྲུང་བྱེད་པ་དང་། ཡོད་ཚད་མི་དམངས་ཀྱི་ཁེ་ཕན་ནས་འགོ་རྩོམ་པ་རྒྱུན་འཁྱོངས། མང་ཚོགས་ཀྱི་ལངས་ཕྱོགས་ནས་བརྟན་པོར་ལང་བ་དང་། མང་ཚོགས་ཀྱི་འདོད་བློར་བརྩི་བཀུར་བྱེད་པ། རང་རྟོགས་ངང་མང་ཚོགས་ཀྱི་དགོས་མཁོ་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ལེགས་བཅོས་བྱེད་པ་དང་། སྲིད་འབྲས་ལྟ་བ་ནོར་འཁྲུལ་ཅན་འཚོལ་བཤེར་དང་ཡོ་བསྲང་ནན་མོ་བྱས་ནས། མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་དོན་བཟང་དང་དོན་དངོས་ཡག་པོར་སྒྲུབ་དགོས། ངེས་པར་དུ་ཚན་རིག་དང་མཐུན་པའི་ཇུས་ཆོད་ཀྱི་བསམ་གཞིགས་བྱེད་ཐབས་ལ་བརྩི་སྲུང་བྱེད་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས། ནང་གནས་འཕེལ་རྒྱས་ཀྱི་འཕེལ་རྒྱས་ཆོས་ཉིད་རྒྱུས་ལོན་དང་བརྩི་སྲུང་ནན་མོ་བྱེད་པ། ཡུལ་དུས་དང་བསྟུན་ཞིང་དུས་བསྟུན་མཉམ་སྐྱོད་ཀྱིས་ལེགས་བཅོས་བྱེད་པ།  ཚང་མའི་སྣེ་ཁྲིད་དེ་དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱེད་པ་དང་། བྱ་བའི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱས་ནས། ཐོག་མཐའ་བར་གསུམ་དུ་ཇུས་ཆོད་ཀྱིས་ཏང་གི་བྱ་གཞག་དང་དམངས་ཀྱི་ཁེ་ཕན་ལ་ཕན་ཐོགས་པར་བྱེད་དགོས། ངེས་པར་དུ་དངོས་འཛིན་དངོས་གཉེར་གྱི་ལག་ལེན་ཁྲིད་ཕྱོགས་དར་སྤེལ་གཏོང་བ་དང་། སྤྱོད་ཚུལ་ལེགས་ཤོས་བསྟུད་མར་རྒྱུན་འཛིན་བྱེད་པ། ལས་བྱེད་པའི་ངར་ཤུགས་སྐྱེད་པ། འགོ་ཁྲིད་གསར་བས་རྩིས་ཐོ་རྙིང་བར་ཁ་ཡ་མི་བྱེད་པ་དང་། ཁག་ཁུར་མི་བྱེད་པ་དང་ལས་འགན་མི་སྒྲུབ་པ། རྫུན་བཟོ་བྱེད་པ་སོགས་ཀྱི་འབུར་ཐོན་གནད་དོན་མཐའ་གཅིག་ཏུ་འགོག་ཟོན་དང་ཡོ་བསྲང་བྱེད་པ།  བྱེད་ཐབས་དངོས་སྤྱོད་པ་དང་བྱ་བ་དངོས་སྒྲུབ་པ། དངོས་འབྲས་བརྩོན་ལེན་བཅས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་བརྩོན་པ་དང་དངོས་གཉེར་ལ་བརྟེན་ནས་སྲིད་འབྲས་བརྩོན་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་བགྲོ་གླེང་དང་གནད་དོན་བཤེར་འདོན། ལེགས་བཅོས་ཡོ་བསྲང་། འགན་འཁྲི་དངོས་འབེབས་བཅས་ཀྱི་ཐད་བསྟུད་མར་ཤུགས་འདོན་པ། གནད་དོན་གྱི་གསལ་ཐོ་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་གཞིར་སྔར་ལས་དཔེ་བསྡུར་ཚད་བསྡུར་བྱེད་པ། གནད་དོན་ཡང་དག་པར་འཚོལ་བ་དང་ཆ་ཚང་བར་འཚོལ་བ། ཞིབ་ཕྲའི་ངང་འཚོལ་བ་བཅས་བྱས་ཏེ། སྐོར་གཅིག་ཅན་དྲུག་དང་དམངས་ཕན་འགུལ་སྐྱོད་བདུན་རྒྱུན་རྣམ་དང་ཡུན་ཕན་སྒོས་དངོས་འབེབས་བྱེད་པར་ཟུང་འབྲེལ་བྱས་ནས་གནད་དོན་ཐག་གཅོད་པ་དང་། སློབ་སྦྱོང་སློབ་གསོར་སྔར་ལས་ཕན་འབྲས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་སྟེང་། ལིའུ་མེ་ཕིན་གྱིས་རང་ཞིང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བའི་ལྡོག་ཕྱོགས་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས། ཚོགས་འདུ་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།