ཉེ་ཆར། སློབ་གསོ་པུའི་ཕྱི་འགྲིམ་སློབ་མའི་ཞབས་ཞུ་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། རྒྱལ་མཚམས་བརྒལ་བའི་རྒྱང་བསྟེན་སློབ་སྦྱོང་བྱེད་སྟངས་བརྒྱུད་ནས་ཐོབ་པའི་ཕྱི་རྒྱལ་གྱི་སློབ་གཉེར་བརྒྱུད་རིམ་དང་བསླབས་གནས་ལག་ཁྱེར། མཐོ་རིམ་སློབ་གསོའི་སློབ་ཐོན་ལག་ཁྱེར་བཅས་ཁས་ལེན་བྱེད་པའི་ཁྱབ་ཁོངས་སུ་གཏན་དུ་ཚུད་མེད། ཞབས་ཞུ་ལྟེ་གནས་ཀྱིས་བཏོན་པའི་རིམས་ནད་སྐབས་ཀྱི་དམིགས་བསལ་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་སྒྲིག་སྲོལ་དེ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཡུལ་དངོས་སློབ་ཁྲིད་ནས་དྲ་ཐོག་སློབ་སྦྱོང་ལ་བསྒྱུར་དགོས་བྱུང་བའི་གནས་ཚུལ་ཁོ་ནར་དམིགས་པ་ལས། རྒྱལ་མཚམས་བརྒལ་བའི་རྒྱང་བསྟེན་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཁྱབ་ཁོངས་ནང་གཏན་ནས་བཅུག་མེད།
གཞན་ཡང་ཞབས་ཞུ་ལྟེ་གནས་ཀྱིས་ད་དུང་བཤད་རྒྱུར། བར་གྱི་མཚམས་སྦྱོར་བྱེད་མཁན་ངན་པ་ཁག་ཅིག་གིས་རིམས་ནད་སྐབས་ཀྱི་དམིགས་བསལ་གནས་ཚུལ་དང་རྒྱལ་མཚམས་བརྒལ་བའི་རྒྱང་བསྟེན་སློབ་སྦྱོང་བྱེད་སྟངས་གཅིག་མཚུངས་སུ་བརྗོད་པ་དང་མཐོང་ཐོས་གཅིག་འདྲ་ཡིན་ཞེས་བཤད་ཡོད། རྒྱ་ཆེའི་ཕྱི་འགྲིམ་སློབ་མས་བཤེར་འབྱེད་གཟབ་ནན་བྱེད་པ་ལས་སྟེགས་བུ་ཁག་གི“གསལ་འགྲེལ”དང“རྒོལ་ཐབས”ལ་འོལ་ཚོད་ཀྱིས་ཡིད་ཆེས་བྱེད་མི་རུང་ཞེས་བསྟན།
ཉེ་དུས་སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་བའི་གནས་ཚུལ་དང་དེ་བཞིན་ཕྱི་འགྲིམ་སློབ་མའི་ཞབས་ཞུ་ལྟེ་གནས་ཀྱི་བདེན་དཔང་ར་སྤྲོད་དངོས་དང་ཟུང་འབྲེལ་བྱས་པ་ལྟར་ན། བར་གྱི་མཚམས་སྦྱོར་བྱེད་མཁན་གྱི་སྒྲིག་གཞི་ངན་པ་དང་དེ་བཞིན་ཕྱི་རྒྱལ་གྱི་སློབ་གླིང་དང་སློབ་གྲྭས་ཕྱི་འགྲིམ་སློབ་མའི་ཞབས་ཞུ་ལྟེ་གནས་ཀྱིས་པྲོག་གསར་རིམས་ནད་སྐབས་ཀྱི་དམིགས་བསལ་བདེན་དཔང་ར་སྤྲོད་སྒྲིག་སྲོལ་མཉམ་བསྲེས་དང་འཁྱོག་བཤད་བྱས་ཏེ། དྲ་རྒྱའི་སྟེགས་བུའི་ཐོག་དྲིལ་སྒྲོག་རྫུན་མ་བྱེད་པ་དང་། ཕྱི་རྒྱལ་དུ་སོང་ནས་སློབ་སྦྱོང་བྱེད་མི་དགོས་པར་བདེན་དཔང་ར་སྤྲོད་བྱེད་ཆོག་ཅེས་རྫུན་བཤད་པ། སློབ་གཉེར་བརྒྱུད་རིམ་རྫུན་བཟོ་དང་རེ་ཞུའི་དཔྱད་གཞི་རྫུན་བཟོ་བྱས་པའི་ཉེས་ཚབས་ཆེ་རིགས་དང་ཐ་ན་མགོ་སྐོར་གཏོང་བའི་གྲས་སུ་གཏོགས།
དེར་བརྟེན་རྒྱ་ཆེའི་སློབ་མའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཕྱི་རྒྱལ་དུ་སློབ་སྦྱོང་བྱ་རྒྱུའི་འཆར་འགོད་ནན་མོ་བཟོས་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱ་རྒྱུའི་ལས་གཞི་གདམ་ག་བྱེད་སྐབས་ཕྱོགས་མང་པོས་སློབ་གསོ་གཙོ་གཉེར་ལས་ཁུངས་དང་། སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཀྱིས་མཁོ་འདོན་བྱས་པའི་ཆ་འཕྲིན་དཔྱད་གཞིར་བཟུང་སྟེ། དོགས་ཟོན་དང་ཉེན་ཁ་སྔོན་འགོག་བྱས་ཏེ་མགོ་སྐོར་ཐེབས་པར་དོགས་ཟོན་བྱེད་དགོས།