མཚོ་སྔོན་གྱི་ཡུལ་སྐོར་པ་མང་བའི་དུས་ཚིགས་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྤྱི་ཁྱབ་རུ་ཁག་གིས་ཡུལ་སྐོར་ལས་རིགས་གཉེར་བའི་རླངས་འཁོར་དང་། འགྲུལ་འཁོར། ཉེན་ཁའི་རྫས་འགྱུར་དངོས་རྫས་དང་ཤོག་སྦག དམངས་སྤྱོད་འགད་སླའི་དངོས་རྫས་བཅས་སྐྱེལ་འདྲེན་བྱེད་པའི་བགྲོད་ལམ་ཆེད་སྤྱོད་རླངས་འཁོར་སོགས་ལ་དམིགས་ནས། བགྲོད་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་འཁོར་རྒྱུག་བཅོས་སྐྱོང་ལ་སྔར་ལས་ཤུགས་བསྣན། ཟླ5པའི་ཚེས18ཉིན་བར། ཞིང་ཆེན་ཡོངས་ཀྱིས་བགྲོད་ལམ་སྐྱེལ་འདྲེན་ཁྲིམས་འགལ་སྒྲིག་འགལ་ཡིན་པའི་བྱ་སྤྱོད་ཉིས་བརྒྱ་ཞེ་དགུ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། དེའི་ཁྲོད་ཁྲིམས་འགལ་འཁོར་རྒྱུག་བྱ་སྤྱོད་བརྒྱ་དང་ང་དགུ་ཡོད་ལ། བགྲོད་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་སྲོལ་ནུས་ལྡན་གྱིས་ཚད་ལྡན་དུ་བཏང་།
ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་ཁྲིམས་བསྟར་སྤྱི་ཁྱབ་རུ་ཁག་གིས་དུས་མཚམས་གལ་ཆེན་ལ་དམ་པོར་དམིགས་པ་དང་། ཁྲིམས་འགལ་འཁོར་རྒྱུག་དང་ཚད་བརྒལ་ཐེག་བརྒལ། འགྲུལ་སྐྱེལ་དང་དྲ་འབོད་རླངས་འཁོར་གྱི་སྒྲིག་འགལ་སོགས་གནད་དོན་རིགས་བདུན་ལ་གཞིགས་ནས་གཅིག་བསྡུས་ལེགས་བཅོས་བྱས། ཡུལ་སྐོར་འགྲུལ་འཁོར་བཅོས་སྒྲིག་གནད་དོན་ལ་དམིགས་ནས་ཁྲིམས་བསྟར་ལྟ་སྐུལ་བརྡ་ཐོ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ཁུལ་གནས་གཙོ་བོ་དྲུག་ལ་ཁྲིམས་བསྟར་ཞིབ་བཤེར་བྱས་ཏེ། མི་མངོན་པའི་རྐྱེན་ངན་དུས་ལྟར་ཤེས་པ་དང་དུས་ལྟར་ཡོ་བསྲང་བྱེད་པར་ཁག་ཐེག་བྱས། མཉམ་འབྲེལ་བཅོས་སྐྱོང་ཇུས་གཞི་གཏན་འབེབས་བཟོས་པ་དང་། ཡུལ་སྐོར་པ་མང་བའི་དུས་ཚིགས་མ་ཐོན་གོང་། ཟི་ལིང་ནུབ་ཁུལ་གྱི་རིན་བསྡུའི་ས་ཚིགས་དང་མཚོ་སྔོན་པོའི་ནུར་ལྕེ་མཛེས་ལྗོངས་ཁུལ་སོགས་འགག་རྩའི་ཁུལ་གནས་དྲུག་ཏུ་སྤྱི་བདེ་དང་འགྲིམ་འགྲུལ་མཉམ་འབྲེལ་ཁྲིམས་བསྟར་ཞབས་ཞུའི་ས་ཚིགས་བཀོད་སྒྲིག་བྱས་ཏེ། དུས་ལྟར་འགྲིམ་འགྲུལ་ཁ་འགྲེམ་གཏོང་བ་དང་། དམངས་བདེ་ཞབས་ཞུ་འདོན་སྤྲོད། ཁྲིམས་འགལ་འགུལ་སྐྱོད་དག་ཐེར་བཅས་ཐུབ་པར་བྱས།
ཞིང་ཆེན་རིམ་པའི་མཉམ་འབྲེལ་བཅོས་སྐྱོང་བྱ་བའི་ཆེད་ཚན་སྒྲིག་འཛུགས་བྱས་པ་དང་། གཞི་གྲངས་ཆེན་མོར་བརྟེན་ནས་ཁྲིམས་འགལ་དོགས་གཞི་ཡོད་པའི་འཁོར་རྒྱུག་རླངས་འཁོར་འདེམས་བཤེར་བྱས་ཏེ། འགྲུལ་སྐྱོད་ཆ་འཕྲིན་དང་ཟུང་འབྲེལ་གྱིས་གནད་འཁེལ་བཀོད་གཏོང་གི་ཁྲིམས་བསྟར་ཞིབ་བཤེར་བྱས། མིག་སྔའི་བར། རླངས་འཁོར་ཕྱིར་སྐྱོད་ཀྱི་གཞི་གྲངས་ས་ཡ་གཉིས་དང་འབུམ་གཉིས་ཁྲི་བཞི་དང་སྟོང་བརྒྱད་ལ་དབྱེ་ཞིབ་བྱས་པ་དང་། ཁྲིམས་འགལ་འཁོར་རྒྱུག་རླངས་འཁོར་སུམ་ཅུར་གནད་འཁེལ་ཞིབ་བཤེར་བྱས་ནས། ཁྲིམས་འགལ་འཁོར་རྒྱུག་ལམ་ཐིག་གཙོ་བོར་ནུས་ལྡན་དམ་སྲུང་བྱས། རྒྱུན་རྣམ་ཅན་གྱི་མཉམ་ལས་རྐྱེན་སྲོལ་བཙུགས་པ་དང་། ཞིང་ཆེན་གཉིས་ཀྱི་ཁྲིམས་བསྟར་སྡེ་ཁག་གི་གཟའ་རེའི་གྲོས་མོལ་དང་གཟའ་རེའི་ཁྱབ་བསྒྲགས་རྐྱེན་སྲོལ་དངོས་འབེབས་བྱས་ཤིང་། མཚོ་སྔོན་དུ་འཁོར་རྒྱུག་བྱེད་པའི་ས་གནས་གཞན་པའི་ཡུལ་སྐོར་འགྲུལ་འཁོར་ལ་གྲལ་བཤེར་བྱས་པ་བརྒྱུད། ཁུལ་ཁོངས་བརྒལ་བའི་ཁྲིམས་འགལ་སྒྲིག་འགལ་འཁོར་རྒྱུག་གི་གདུབ་སིམ་བཅོས་སྐྱོང་མངོན་འགྱུར་བྱས་ཏེ། ཞིང་ཆེན་བརྒལ་བའི་ས་གནས་གཞན་གྱི་སྒྲིག་འགལ་འཁོར་རྒྱུག་གི་མི་མངོན་པའི་རྐྱེན་ངན་ནུས་ལྡན་སྒོས་སེལ་ཐབས་བྱས།