རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་དྭངས་གཙང་རྨ་ཆུའི་ཡུལ་སྐོར་རྒྱུད་འཛུགས་སྐྲུན་ལ་དམིགས་ནས། ཚན་རྩལ་གྱིས་སྟོབས་ནུས་སྩོལ་བ་དང་ཚོང་རྟགས་བསྐྲུན་པ་གཙོ་བོར་བཟུང་སྟེ། ཐབས་མང་མཉམ་སྤྱོད་ཀྱིས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཟླ5པའི་ཚེས20ཉིན་བར། གཅན་ཚ་རྫོང་གིས་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་བཅུ་བདུན་འགྲུབ་པ་དང་། ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་སྟོང་གཅིག་དང་སུམ་བརྒྱ་སོ་གཅིག་བསྐྲུན་ལ། ཁྱད་ལྡན་ཞིང་ལས་ཐོན་རྫས་རིགས་སོ་དྲུག་གསར་སྐྲུན་བྱས་ཏེ། ལོ་ཧྲིལ་བོའི་ཐོན་སྐྱེད་རིན་ཐང་སྒོར་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་བཞི་ལ་སླེབས་ཤིང་། སིལ་ཏོག་དང་སྔོ་ཚལ་ཐོན་རྫས་བཅུ་གཉིས་ལ་རྒྱལ་ཁབ་ཀྱིAརིམ་པའི་ལྗང་མདོག་ཟས་རིགས་ཀྱི་དཔང་ཡིག་ཐོབ་ནས། གཞི་ཁྱོན་ཅན་དང་ཚོང་རྟགས་ཅན། ཚན་རྩལ་ཅན་བཅས་སྣ་མང་མཉམ་བསྐྱེད་ཀྱི་འཕེལ་རྒྱས་རྣམ་པ་ལེགས་པོ་མངོན་འགྱུར་བྱུང་།
གཅན་ཚ་རྫོང་གིས་ཐོན་ལས་མུ་ཕྲེང་ལེགས་སྒྱུར་བྱེད་པར་དམིགས་ནས། རྟེན་གཞི་དང་ཁྲོམ་ར་མཉམ་འབྲེལ་གྱི་འཕེལ་རྒྱས་རྣམ་པ་བསྐྲུན་ཞིང་། ཞིང་ཆེན་དང་རྫོང་དང་ཁེ་ལས་བཅས་ཀྱི་མ་དངུལ་མང་པོ་ལེགས་སྒྲིག་བྱས་ཏེ། ཁམས་ར་གྲོང་རྡལ་དང་ཁང་གཡང་གྲོང་རྡལ། སྣང་ར་ཞང་སོགས་གྲོང་རྡལ་དང་ཞང་གཙོ་བོར་འདེབས་འཛུགས་རྟེན་གཞི་བཀོད་སྒྲིག་བྱས་ལ། སྤྱིའི་རྒྱ་ཁྱོན་སྤྱི་ཆིང161.87ཡོད་ཅིང་། དེར་བསྟུན་གྱི་ཉི་འོད་ནུས་གྲོན་དྲོད་ཁང་བདུན་བརྒྱ་གྱ་བདུན་དང་ཚལ་ཞིང་སྤྱི་ཆིང51.33འགྲུབ་ཡོད། རྟེན་གཞིར་གཙོ་བོར་ལུད་གྲོད་ཤ་མོ་དང་འབྲུ་ཏ་ས་འཛིན་སོགས་རིགས་སོ་དྲུག་འདེབས་འཛུགས་བྱས་ཏེ། ལོ་ཧྲིལ་བོའི་ཐོན་ཚད་ཏུན་སྟོང་གཅིག་དང་ལྔ་བརྒྱ་ཞེ་བརྒྱད་ལ་སླེབས་ཤིང་། མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དེ་གཞི་ཁྱོན་ཅན་དང་ཚད་གཞི་ཅན་ལ་ཚུར་སྒྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། དེ་དང་མཉམ་དུ་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པ་རྩ་བར་བརྩིས་པ་དང་། གྲོ་དང་ནས། ཞོག་ཁོག་སོགས་ཀྱི་དཔེ་སྟོན་འདེབས་འཛུགས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་པོར་བཏང་།
དེ་དང་མཉམ་དུ། གཅན་ཚ་རྫོང་གིས་འཇོན་མིར་རྒྱབ་སྐྱོར་བྱེད་པའི་འཆར་གཞིའི་འབྲེལ་གཏུག་རྐྱེན་སྲོལ་བཙུགས་པ་དང་། ཞིང་ལས་ཁེ་ལས་བཞི་ལ་བརྟེན་ནས་ཚན་རྩལ་གྱི་ཆེད་མངགས་མི་སྣའི་བྱ་བའི་ས་ཚིགས་གཉིས་བསྐྲུན་ཞིང་། ཞིང་ལས་རིག་པ་དང་ལྡུམ་རའི་སྒྱུ་རྩལ་རིག་པ་སོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་བཅུ་དགུ་མངགས་པ་དང་། དྲ་ཐོག་གི་མཛུབ་སྟོན་དང་ཡུལ་དངོས་ཀྱི་ལག་ལེན་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ། ལྗང་མདོག་ལུད་རྫས་ཀྱི་འདེབས་གསོ་འཁོར་སྐྱོད་དང་ཆུ་ལུད་གཞི་གཅིག་ཅན་སོགས་ཀྱི་སྔོན་ཐོན་ལག་རྩལ་དགུ་ཁྱབ་གདལ་ཏུ་བཏང་ནས། སྔོ་ཚལ་ཐོན་ཁུལ་མུའུ་སྟོང་ལྷག་ལ་ཆུ་ལུད་གཉིས་འཛོམས་བྱུང་བ་དང་། ཚན་རྩལ་གྱིས་སྟོབས་ནུས་བསྩལ་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་བཏང་།