ཉིན་ཤས་སྔོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱུན་སྡོད་ཁུལ་དུ་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས།《བསམ་འཆར》ལས། འོས་འགན་སློབ་གསོའི་དུས་སྐབས་ཀྱི་མཉམ་སྤོས་བུ་ཕྲུག་སློབ་གྲྭར་འགྲོ་བའི་གཞུང་བཙུགས་སློབ་གནས་ཀྱི་བསྡུར་ཚད་སྲ་བརྟན་དང་ཇེ་མཐོར་བཏང་ནས། མཉམ་སྤོས་བུ་ཕྲུག་རྒྱུན་སྡོད་ཁུལ་གྱི་སློབ་སྔོན་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དུས་ཀྱི་སློབ་གསོའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནང་འཇུག་པར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་སྔར་ལས་མང་པོ་ཞིག་གིས་ལས་ཞུགས་བརྟན་པའི་རྒྱུན་སྡོད་མིའི་ཁྱིམ་ཚང་རྣམས་གཞུང་གི་བོགས་གཏོང་ཁང་པའི་འགན་སྲུང་བྱེད་ཁོངས་སུ་འཇུག་པར་སྐུལ་འདེད་གཏོང་དགོས། ལས་ཞུགས་བྱ་ཡུལ་དུ་ལས་བཟོ་བའི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཁྱིམ་ཐོའི་ཚད་བཀག་ཁྱོན་ཡོངས་ནས་མེད་པར་བཟོ་དགོས། གནས་སྡོད་དཔང་ཡིག་ཁྱེར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་པའི་དོ་དམ་ཞབས་ཞུར་ཤུགས་བསྣོན་དགོས། གཞིས་ཆགས་མེད་པའི་རང་བརྟེན་ལས་གཏོད་མི་སྣར་ལས་གཏོད་རོགས་སྐྱོར་ཡག་པོ་བྱེད་པ། གཞིས་ཆགས་མེད་པའི་རྒྱུན་སྡོད་མིའི་རྒྱུན་སྡོད་བྱ་ཡུལ་གྱི་བྱིས་པར་གཅེས་སྐྱོང་དང་རྒན་གསོ་རྒན་རོགས་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་འཇུག་དགོས་པ་བཏོན་ཡོད།
《བསམ་འཆར》ལས། རྒྱུན་སྡོད་མི་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་བར་སྟོང་བཀོད་སྒྲིག་ཚངས་ཕྱེད་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་འདྲ་མཉམ་དང་གོ་རིམ་ལྡན་པའི་སྒོ་ནས་བགོ་བཤའ་རྒྱག་པར་སྐུལ་འདེད་གཏོང་བ། དེ་མིན་གནས་སྡོད་དཔང་ཡིག་ཕན་ཚུན་སྤེལ་རེས་དང་ཁས་ལེན་སོགས་ཀྱི་ཉམས་མྱོང་ཁྱབ་གདལ་བཏང་ནས་འགྲུལ་བཞུད་མི་འབོར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ངང་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱ་དགོས་པ་ཁ་གསལ་བྱས་ཡོད།