ཟླ5པའི་ཚེས21ཉིན་ནས་ཚེས22ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པ་མ་ཟད་དཔལ་འབྱོར་འཁོར་བསྐྱོད་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་པར་བརྟེན་ནས་ལས་སྒྲུབ་གསར་གཏོད་ལ་སྣེ་ཁྲིད་བྱེད་པ། དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་དངོས་གནས་ཇེ་བཟང་དུ་གཏོང་བ། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་མང་པོ་འཇོག་དགོས།
ལུའོ་ཏུང་ཁྲོན་སྔ་རྗེས་སུ་མཚོ་སྔོན་ཡུག་ཐེན་ན་གོར་མོ་སྣུམ་བཙོ་སྦྱང་བཟོ་གྲྭ་དང་། མཚོ་སྔོན་ནུབ་གཏེར་དཀོན་པའི་ལྕགས་རིགས་རྩ་ཆེན་ཚད་ཡོད་ཀུང་སི། མཚོ་སྔོན་འཕེལ་རྒྱས་དངུལ་གཏོང་བུལ་ཏོག་ལས་རིགས་ཚད་ཡོད་ཀུང་སི་བཅས་སུ་བསྐྱོད་དེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཁེ་ལས་ཀྱིས་སྤུས་ཚད་ལྡན་པའི་ཁེ་ལས་འཛུགས་པའི་འཐབ་ཇུས་རྒྱུན་འཁྱོངས་དང་། མུ་མཐུད་དུ་ཞིབ་འཇུག་གསར་སྤེལ་ཐད་ཤུགས་བསྣན་ཏེ། ལྗང་གློག་མཁོ་སྤྲོད་ཀྱི་འགག་སྒྲོལ་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལྗང་མདོག་བཟོ་གྲྭ་དང་ཐཱན་མེད་པའི་གླིང་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་ཐོན་ལས་མུ་ཕྲེང་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པ་དང་རིན་ཐང་མུ་ཕྲེང་རིམ་སྤོར་བྱེད་དགོས། ཤར་ཕྱོགས་གློག་ལས(ན་གོར་མོ)ནུས་ཁུངས་གསར་པའི་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཚྭ་མཚོ་འོ་ཅིན་ཚ་གསོག་ལག་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་གོ་ཏ་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སི། ཧའེ་ཏི་ཀྲི་སོན(མཚོ་སྔོན)ཚད་ཡོད་ཀུང་སི་བཅས་སུ་ལུའོ་ཏུང་ཁྲོན་གྱིས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཚུལ་ལ་ལྟ་ཞིབ་བྱས་པ་དང་། “མུ་ཕྲེང་གཙོ་བོའི”ཁེ་ལས་སྣེ་འདྲེན་གྱི་སྐུལ་ཁྲིད་དང་གསར་གཏོད་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། སྟོད་སྨད་ཁེ་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་དང་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་གྱི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། ཚ་ཨར་ཧན་ཚྭ་མཚོའི་རྟེན་མཛོད་ཁང་དང་ཀྲུང་གོ་མཚོ་སྔོན་ནུས་རྒྱུ་གཙང་མ་བེད་སྤྱོད་འགྲེམས་སྟོན་ཁང་དུ་ཡོང་ནས། ལུའོ་ཏུང་ཁྲོན་གྱིས་མཚོ་ནུབ་ཁུལ་གྱི་ཚྭ་མཚོའི་ས་གཤིས་ཚན་རིག་ཁྱབ་གདལ་དང་། བཟོ་ལས་དཔལ་ཡོན་འགྲེམ་སྟོན། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན། ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་ལྗང་མདོག་གློག་ཤུགས་ཐད་སྦྲེལ་དང་། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་སོགས་ལས་རྣམ་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། འོད་དྲོད་གློག་འདོན་གཞི་ཁྱོན་ཅན་དང་གླིང་ཁུལ་ཅན། ཁྲོམ་ར་ཅན་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་སྔར་ལས་མང་པོ་བྱེད་དགོས་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་། ལུའོ་ཏུང་ཁྲོན་གྱིས་མཚོ་ནུབ་ཁུལ་གྱིས་ད་ལོའི་ཚུན་ལ་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། དུས་ཚིགས་གཉིས་པ་ནི་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྩའི་དུས་རིམ་དང་ནུས་ཤུགས་འདོན་པའི་གནད་འགག་གི་དུས་ཡིན་པས། མཚོ་ནུབ་ཁུལ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཀྱི་གཡུལ་ས་གཙོ་བོ་དང་ཐོན་ལས་ཀྱི་ལྟེ་བའི་ཁུལ་ཡིན་པའི་ཆ་ནས། དཔལ་འབྱོར་འཁོར་བསྐྱོད་བཀོད་གཏོང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ཕྲེང་རྒྱས་དང་ཕྲེང་གསབ། ཕྲེང་སྲིང་བཅས་དམ་འཛིན་བྱེད་ས་གལ་ཆེན་དུ་བརྩིས་ནས། ནུས་ཤུགས་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ནན་མོར་བརྟེན་ནས་དཔལ་འབྱོར་མུ་མཐུད་དུ་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ལོ་སྟོད་དུ་ཕྱེད་བརྒལ་གཉིས་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་དགོས། བཟོ་ལས་ཀྱི་རྨང་གཞི་སྟོབས་ཆེར་གཏོང་བར་དམིགས་ཏེ། གསོག་འབོར་བརྟན་པོ་དང་གྲངས་འབོར་མང་དུ་གཏོང་བ། སྤུས་ཚད་འདེགས་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། གནད་ཆེའི་ཁེ་ལས་ཀྱི་ཐོན་ཚད་བརྟན་པོ་ཡོང་བར་དམ་འཛིན་ནན་མོ་བྱེད་པ། མགྱོགས་མྱུར་སྒོས་ཐོན་ལས་ཚུལ་སྒྱུར་དང་རིམ་སྤོར། སྤུས་འདེགས་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། ནུས་ཤུགས་ཡོད་རྒུས་དངོས་ཕུང་དཔལ་འབྱོར་གྱི་རྨང་གཞིའི་རྣམ་པ་བརྟན་པོར་གཏོང་དགོས། རྣམ་གྲངས་འགག་སྒྲོལ་ལ་དམིགས་ཏེ། རྣམ་གྲངས་རྗེས་འདེད་ཞབས་ཞུར་ཤུགས་སྣོན་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་དངུལ་གཏོང་བརྟན་པོའི་ངང་འཕར་སྣོན་ཡོང་བ་བཅས་བྱ་དགོས། ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྦས་ཤུགས་སྔོག་འདོན་བྱེད་པར་དམིགས་ཏེ། བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་འཛད་སྤྱོད་ཀྱི་གསོན་ཤུགས་ལ་སྐུལ་སྤེལ་བྱེད་པ་དང་། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ། བཟོ་ཚོང་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས་དཔལ་འབྱོར་འཕར་སྣོན་གྱི་ནང་གནས་སྒུལ་ཤུགས་ལ་སྐུལ་སློང་ནུས་ལྡན་བྱ་དགོས། སྐྱེ་ཁམས་སྔོན་ལ་འཇོག་པར་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་མངའ་ཁོངས་ཀྱི་ལོ་རྒྱུས་ཁྲོད་ལུས་པའི་གནད་དོན་དག་ཐེར་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཐོན་སྐྱེད་ཀྱི་འཚོ་བ་རོལ་སྟངས་མགྱོགས་མྱུར་སྒོས་ཆགས་པར་བྱེད་པ། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། གཅིག་གྱུར་འཆར་འགོད་ཀྱིས་ཤུགས་འདོན་པར་དམིགས་ཏེ། འཕར་སྣོན་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་ངང་ལེགས་པར་བསྒྲུབས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་མཐའ་གཅིག་ཏུ་སྲུང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་བསྐྲུན་དགོས།