ཟླ5པའི་ཚེས21ཉིན་ནས་ཚེས22ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས་པ་མ་ཟད། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུར་ཞུགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་འཁྱོངས་བྱེད་པ། “དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ་འཛུགས་སྐྲུན་གྱི་ལས་དོན་ཆེན་པོ་དེ་ཡག་པོར་བསྒྲུབས་ནས། རྨ་ཆུ་དེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།
དབྱར་འགོའི་དུས་སུ་རྨ་ཆུ་སྔོ་ལྟེམ་མེར་འཁྱིལ་བ་དང་ཆུ་འགྲམ་དུ་སྔོ་ལྗང་གིས་ཁེངས་ཡོད། ཝུའུ་ཞའོ་ཅུན་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། གཅན་ཚ་རྫོང་བཅས་སུ་བསྐྱོད་དེ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། འགྲིམ་འགྲུལ་བགྲོད་ལམ་འཛུགས་སྐྲུན། འཁྱག་ཆུའི་ཉ་གསོ་སྤེལ། གཟུགས་འདས་ཤུལ་བཞག་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད་ས་ཆ་གཞན་གྱི་ཡུལ་སྐོར་བ་དང་སྤྲོ་སེམས་འཁོལ་བའི་བསམ་ཚུལ་བརྗེ་རེས་བྱས། ཁོས་བསྟན་དོན། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྨ་ཆུ་ཡི་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པ་མ་ཟད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཡག་པོ་བྱེད་པ། གད་སྙིགས་དང་བཙོག་ཆུ་གཙང་སེལ་བྱེད་ནུས་ཆེ་རུ་བཏང་སྟེ། བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་རྒྱུ་ཐུབ་པར་ཁག་ཐེག་བྱེད་དགོས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འགྲིལ་ཤུགས་གཅིག་ཏུ་བསྡུས་ནས། རིག་གནས་ཡུལ་སྐོར་དང་འགྲིམ་འགྲུལ་ཡུལ་སྐོར། ཚོང་ལས་ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམའ་དབྱིངས་དཔལ་འབྱོར་དང་ཆུ་ཐོག་ལྟ་སྐོར་སོགས་གསར་དར་ལས་སྒོ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། གྲོང་གསེབ་ཁྱད་ལྡན་ཡུལ་སྐོར་གྱི་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་ནས། ཆེས་མཛེས་སྡུག་ལྡན་པའི་རྨ་ཆུའི་མཛེས་ལྗོངས་མི་རྣམས་ཀྱི་མིག་མདུན་དུ་མངོན་པར་བྱེད་དགོས།
ཚེས21ཉིན་གྱི་ཕྱི་དྲོར། ཝུའུ་ཞའོ་ཅུན་ཞུན་ཧྭ་རུ་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་ཁེ་ལས་ཀྱིས་སོ་སོར་གཏམ་བཤད།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། “དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་མཚོ་སྔོན་གྱིས་རྨ་ཆུའི་འབྱུང་ཁུངས་དང་སྟོད་རྒྱུད་དམིགས་བསལ་གྱི་ས་བབ་ལ་གཞི་ཚུགས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་བྱེད་པའི་དམ་འཛིན་བྱེད་ས་གལ་ཆེན་དང་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། སྐྱེ་ཁམས་དབྱེ་འབྱེད་བྱེད་ཚད་རྒྱལ་ཡོངས་སུ་གཅིག་པུ་ཡིན་པ་དང་། མཛེས་ལྗོངས་སྡེབ་སྒྲིག་དཀོན་ཞིང་རྩ་ཆེ་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྔོན་ཐོབ་རིམ་པ་མཐོ་བ། ས་གཤིས་ཚན་རིག་རྟོག་ཞིབ་ཀྱི་རིན་ཐང་མངོན་གསལ་ཡིན་པ། མི་རིགས་ཀྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་པ། ས་ཁོངས་གནས་ཡུལ་ལེགས་ཤིང་སྟབས་བདེ་བ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། “དྭངས་གཙང་རྨ་ཆུ”ཡི“རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོར་འཁུར་བ་དང་། ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་སྐུལ་འདེད་གཏོང་བ། དམངས་ཕན་དམངས་ཕྱུག་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ། ཁེ་ལས་བཅས་ཀྱིས་རང་རྟོགས་ངང་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་། འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་གོ་སྐབས་འཚོལ་བ། གནས་བབ་མཐོན་པོ་དང་ངེས་གནས་འཚོལ་བ། གསར་གཏོད་སྟོབས་ཆེར་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་འཆར་འགོད་སྣེ་ཁྲིད། ལས་རྣམ་གསར་གཏོད། རིག་གནས་ནུས་སྤྲོད། བཅོས་སྒྱུར་འགག་སྒྲོལ། ཡུལ་སྐོར་དམངས་ཕྱུག་བཅས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་རིན་ཐང་ནུས་ལྡན་སྒོས་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། འཆར་འགོད་སྦྲེལ་མཐུད་ལ་མཐོང་ཆེན་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། སྤུས་ལེགས་ལམ་ཐིག་གཏོད་པ་བཅས་བྱེད་དགོས། ཉམས་ལེན་རྣམ་པ་དང་ཟབ་ཞུགས་རྣམ་པ། དབྱིངས་ཞུགས་རྣམ་པ་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། སྤུས་ཚད་མཐོ་ཞིང་དངོས་ཐང་ཆེ་བའི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་འདོན་སྤྲོད་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཁུ་ནུ་རིག་གནས་དང་རྨ་ཙོང་རིག་གནས། མི་རིགས་རིག་གནས་ཀྱི་གོ་དོན་བཅས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཡུལ་སྐོར་བར་ལྟ་སྐོར་ཁྲོད་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་དུ་འཇུག་དགོས། “འགོ་གཙོ་དང་པོའི”བཟོ་སྐྲུན་དོན་འཁྱོལ་བྱེད་པ་དང་། མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། ཁེ་ལས་ཀྱི་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོའི་སྡེབ་སྒྲིལ་ནུས་པ་འདོན་སྤེལ་བྱ་དགོས། མཐའ་འཁོར་མང་ཚོགས་ཀྱི་ལས་ཞུགས་ཐད་ཧུར་ཐག་གིས་བསྡུ་ལེན་བྱས་ཏེ། རེབ་གོང་སྒྱུ་རྩལ་དང་མཚོ་སྔོན་གྱི་གཙགས་དྲུབ་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་འཚོ་བ་ཇེ་བཟང་དུ་གཏོང་དགོས།
ཝུའུ་ལ་ཙི་པེ་ཁེ·རེ་སུའུ་ལི་ཧན་དང་ལིའུ་ཐའོ། ཁྲེང་ཅི་ཝའེ་བཅས་ཚོགས་འདུར་ཞུགས་པ་མ་ཟད་འབྲེལ་ཡོད་བྱེད་སྒོར་ཞུགས།