མཚོ་སྔོན་དུ་འབབ་པའི་རྨ་ཆུའི་ཁུག་པ་རེ་རེ་ན་འཚོ་བ་ཡར་ངོ་བཞིན་འཕེལ་བའི་གསང་བ་རེ་ཉར་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྣང་ར་ཡུལ་ཚོའི་བདེ་སྐྱིད་གྲོང་ཚོ་ནི་ཏག་ཏག་རྨ་ཆུའི་ཁུག་པར་ཉར་བའི་གསང་བ་དེ་ལ་བརྟེན་ནས་གཉོམ་ལག་རྒྱས་པའི་གྲོང་ཚོ་ཞིག་རེད།
སྔོན་ཆད་བདེ་སྐྱིད་གྲོང་ཚོ་ནི་རི་མཐོ་ཞིང་གཟར་བ། གྲོང་རོང་མང་པ། གྲང་ངར་ཆེ་ལ་ས་རྒྱུ་ཞན་པ། གནམ་སྔོན་མོར་ཁོ་ནར་བརྟེན་ནས་འཚོ་བ་རོལ་དགོས་པའི་རི་གྲོང་ཞིག་ཡིན་པས། མང་ཚོགས་ཀྱི་འཚོ་བའི་འཁོས་ཀ་ཧ་ཅང་ཞན། 2017ལོར་གཅན་ཚ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ7གྱི་སྲིད་འཛིན་གྲོང་ཚོ30ཡི་དུད་ཚང251དང་སྡེ་མི946བཅས་ཐུན་མོང་ཐོག་གནས་སྤོ་བའི་སྲིད་ཇུས་ཀྱི་བཀོད་སྒྲིག་འོག རང་མོས་རང་འཐད་ཀྱི་སྒོ་ནས་རི་གཤམ་གྱི་རྨ་ཆུའི་འགྲམ་ན་ཡོད་པའི་བདེ་སྐྱིད་གྲོང་ཚོར་གནས་སྤར།
རྨ་ཆུ་ནི་ཡུལ་འདིར་འབབ་དུས་དར་སྔོན་ཡུག་གཅིག་དང་འདྲ་བར་ཏན་ཞ་ས་གཤིས་ཀྱི་རི་ཕྲེང་ལ་དཀྱུས་གཅིག་བརྒྱབ་ཏེ། ཡངས་པའི་གཞོང་ལ་ག་ལེར་རྐྱོང་བ་ཇི་བཞིན་འཁྱིལ་ཞིང་འབབ་ལ། ངོགས་སུ་གསེར་ཕྱེས་སྤུངས་པ་ལྟ་བུའི་རི་ཡི་མུ་ཁྱུད་ཀྱིས་ཕྲེང་བསྒྲིགས་ནས་ཉམས་འགྱུར་སྟོང་གིས་ཆུ་ལ་གཟུགས་བརྙན་འགྲན་པའི་ཚུལ་གྱིས་འགྱིང་བ་ནི་ཇི་འདྲའི་ཡིད་དུ་འོང་། སྐྱི་བསེར་རླུང་བུས་བདེ་སྐྱིད་གྲོང་ཚོའི་རི་ཆུ་དལ་གྱིས་སྐྱོམས་དུས། སྔོན་ཆད་གནས་སྤོས་པའི་གྲོང་ཚོ་ཡང་ད་ལྟ་ཀུན་གྱིས་བསྟོད་པའི་ཐེ་བོང་བསྒྲེངས་སའི་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་དམིགས་ས་ཉག་ཅིག་ཏུ་གྱུར་ཡོད། སྐྱེ་ཁམས་ཀྱི་མི་མངོན་ནུས་ཤུགས་ཅི་དགར་སྔོག་འདོན་བྱེད་པའི་འཕེལ་རྒྱས་ཀྱི་དཀྱོགས་མཚམས་འདིར། རྨ་ཆུའི་སྐྱེ་ཁམས་ཀྱི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས་ཆུ་ཀླུང་སྔོན་མོར་གསེར་རིས་བརྒྱན་པའི་རྨི་ལམ་དེ་རབ་རྟོག་གིས་ཀུན་ནས་བྲལ་ཏེ་གཟུགས་ཅན་བཞིན་མིག་མདུན་མངོན། ད་ལོའི་ཟླ་བ་ལྔ་བར། གྲོང་ཚོ་ཆུང་ཆུང་དེས་ཉིན་གཅིག་ལ་ཡུལ་སྐོར་པ་ཁྲི4ལས་བརྒལ་བར་སྣེ་ལེན་བྱས།
ཡུལ་སྐོར་བ་རྣམས་ནི་རྨ་ཆུའི་འབབ་རྒྱུན་དེད་དེ་འདི་གར་ཡོང་སྟེ། དགོད་སྒྲ་དང་བག་ཕེབས་ཀྱི་འཚོ་བ་གནས་འདིར་བསྐྱུར་ལ། སྔོ་ཞིང་དྭངས་པའི་རི་ཆུ་ཡང་གནས་འདི་རུ་ཚོར་རྒྱུ་རེག་རྒྱུ་ཡོད་པའི་གསེར་རི་དང་དངུལ་རིར་བསྒྱུར།
ད་ལྟ་བདེ་སྐྱིད་གྲོང་ཚོའི་གྲོང་མི280ལྗོངས་ཁུལ་དུ་ལས་ཀར་ཞུགས་ཡོད་ཅིང་། དེ་གའི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་རེ་རེ་ནི་སྒོ་ཕྱེས་ན་སྐུ་མགྲོན་འདུ་ས་དང་། སྒོ་གཏན་ན་ཁྱིམ་མི་འཛོམས་ས་ཡིན་པ་མ་ཟད། སྒོ་མདུན་གྱི་རི་ཆུའི་མཛེས་པས་གཏན་འཇགས་ཀྱི་འཚོ་བ་ཞིག་ངང་གིས་བསྐྲུན་ཡོད།
ཞིང་ཁྱིམ་སྤྲོ་སྐྱིད་གླིང་ཕྱེས་མཁན་རྟ་བྷ།
ཟླ5ཚེས14ཉིན་གྱི་སྔ་དྲོར། ཁོམ་ལོང་ཅུད་ཟད་ཡོད་རྗེས་རྟ་བྷས་ལང་སེང་ཁང་རྒྱན་བཟོ་བའི་ཀུང་སི་ཞིག་འབྲེལ་བ་བྱས་ཏེ། ཉིན་འདི་གཉིས་ལ་མགྲོན་པོ་མང་པོ་མེད་པའི་སྐབས་དང་བསྟུན་ནས་སྤྲོ་སྐྱིད་གླིང་གི་ཐོག་སོ་གཉིས་པའི་འགྱིག་རྒྱུ་ཡི་ཀླད་ཁེབས་ཚ་འགོག་པང་ལེབ་ལ་བརྗེ་བར་འདོད་པ་ཡིན། གལ་ཏེ་རྗེས་སུ་བསྐྱུར་ན་དབྱར་ཁ་ཚ་བ་ཆེ་དུས་དེའི་ནང་སྡོད་ཐབས་མེད་ཟེར།
ཐོག་སོ་གཉིས་པ་ལས་ཕར་ལ་བལྟས་ན་དལ་གྱིས་འབབ་པའི་རྨ་ཀླུང་སྔོན་མོ་མཐོང་ཐུབ། ད་ལོའི་ལྔ་གཅིག་གི་གུང་གསེང་སྐབས་ལ། འདིར་ཡུལ་སྐོར་ལ་ཡོང་མཁན་མང་བས་ཏག་ཏག་ཉིན་ལྔ་ཙམ་གྱི་ནང་ལ་སྒོར་ཁྲི1ལྷག་རག་ཐུབ་བྱུང་ཞེས་རྟ་བྷ་ཡིས་ཚོང་འདི་འདྲའི་བཟང་བ་སེམས་ལ་ཡང་ཤར་མ་མྱོང་ཞེས་བརྗོད་བྱུང་།
བཤད་རྒྱུན་ཞིག་ལ་ས་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་མི་སྡེ་གསོ་ཟེར་ཡང་། རྟ་བྷའི་སྔོན་ཆད་ཀྱི་ཕ་ས་ལྟ་བུ་ནི་ས་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་སྡེ་གསོ་ཐབས་དཀའ་བའི་གནས་སུ་གྱུར་ཡོད། དེ་ནི་གཅན་ཚ་རྫོང་གི་མར་ཁུ་ཐང་གྲོང་རྡལ་ལི་ཅ་སྡེ་བ་སྟེ་ལོ་ན48ལ་སོན་པའི་རྟ་བྷོའི་ཕ་ས་རེད།
སྡེ་བ་དེ་ས་རྒྱུ་ཞན་པའི་རིའི་གདོང་ཁར་ཆགས་ཤིང་། ས་མུའུ་འགའི་ས་ཞིང་ཡོད་ན་ཡང་ཁྱིམ་མི་གང་བོའི་ལྟོ་རྒྱབ་ཁོ་ན་འདང་བ་ཙམ་ལས་མེད། ལག་བཟོ་ལ་སོགས་རྟེན་ས་ཅི་ཡང་མེད་པའི་རྟ་བྷོས་ཕྱིར་ཞོར་ལས་ལ་རྒྱུག་དགོས་བྱུང་མོད། རྫོང་མཁར་དང་ཁད་ཐག་རིང་ཞིང་། འགྲིམ་འགྲུལ་མི་བདེ་བ། ལས་ཀ་ནི་དེ་ལས་རྙེད་དཀའ་བ་སོགས་རྐྱེན་མང་པོས་འཚོ་བ་ངན་ངོན་གྱི་ངང་ནས་བསྐྱལ་ཐབས་བྱས།2017ལོར་རྟ་བྷ་དང་སྡེ་བའི་དུད་ཚང8གྱི་མང་ཚོགས་ཀྱིས་ཡུལ་གཞན་གནས་སྤོ་ཡི་སྲིད་ཇུས་དང་དུ་བླངས་ཏེ། རྫོང་མཁར་དང་ལེ་དབར་དགུ་ལས་མེད་པའི་སྣང་ར་ཡུལ་ཚོའི་བདེ་སྐྱིད་གྲོང་ཚོར་སྤར།
གནས་ཅི་ལ་མི་སྤོ། རང་གིས་སྒོར་ཁྲི་གཅིག་སྤྲད་ན་སྨི་གྲུ་བཞི་མ་བརྒྱད་ཅུ་ཅན་གྱི་ཁང་པ་གསར་པར་སྡོད་ཐུབ་ལ། གྲོང་ཁྱེར་ནང་གི་ཐོག་བརྩེགས་ཁང་དང་མི་འདྲ་བར་ར་སྐོར་རེ་ཡོད་པ་མ་ཟད། ལྕགས་རི་ཡང་བརྩིགས་ནས་ཡོད་ཟེར། ཡུལ་གཞན་གནས་སྤོ་ཡི་སྲིད་ཇུས་དང་ཐོག་བསྒྲགས་ཡོང་དུས། ཚང་མས་དེ་ལ་རྒྱང་ལྟ་བྱས་ནས་བསྡད་བྱུང་། རྟ་བྷ་ནི་ཐེ་ཚོམ་ཅི་ཡང་མེད་པར་མིང་ཐོ་འགོད་མཁན་ཐོག་མ་རུ་གྱུར། མི་སྤོ་ན་གསོན། ཤིང་སྤོ་ན་སྐམ་ཞེས་པའི་དཔེ་ལྟར་གནས་སྤོས་ཚེ་འདི་ལས་སྡུག་པོ་ཡོང་མི་བསམ།
2018ལོར་རྟ་བྷ་ཁྱིམ་མི་གང་བོ་ཁང་པ་གསར་པར་སྤར་ཞིང་། གྲོང་ཚོའི་ཐང་ཆེན་གྱི་ཉེ་ས་ན་ཡོད། སྒོ་ཁའི་རྒྱ་ལམ་བརྒལ་ན་རྨ་ཆུའི་འགྲམ་ཡིན། དེ་འདྲའི་གནས་སྐྱིད་ས་དེར་རྟ་བྷ་ཡིས་ཚོང་ཁང་ཆུང་ཆུང་ཞིག་ཕྱེས། ལོ་དེར་རྫོང་ནས་བདེ་སྐྱིད་གྲོང་ཚོ་དེ་ཞིང་གྲོང་ཡུལ་སྐོར་དཔེ་སྟོན་ས་ཚིགས་སུ་བསྒྱུར་རྒྱུ་ཐག་བཅད་དེ། གྲོང་ཚོའི་ནང་གི་མོས་པ་ཡོད་པའི་མང་ཚོགས་ཀྱིས་རང་ཁྱིམ་དུ་སྤྲོ་སྐྱིད་གླིང་གཟུག་ན་དུད་ཚང་རེ་ནས་སྒོར་ཁྲི2གཏོང་དགོས་པ་དང་། རྫོང་ནས་སྒོར་ཁྲི4ཡི་རོགས་སྐྱོར་བྱ་རྒྱུའི་སྲིད་ཇུས་བསྒྲགས་པ་ན། རྟ་བྷ་ཡིས་ཐོག་མར་མིང་ཐོད་བཀོད་དེ། ཁྱིམ་དུ་ཁང་པ་གྱན་གསུམ་ལས་པ་དང་། དེ་རྟིང་མ་གཞི་ནས་ཡོད་པའི་ཁང་པ་གྱན་བཞི་བོ་བསྣན་ཏེ། ཞིང་ཁྱིམ་སྤྲོ་སྐྱིད་གླིང་གཉེར་ནས་འཚོ་བ་རིམ་བཞིན་ཇེ་ལེགས་སུ་ཕྱིན།
“ངེད་ཚང་རྨ་ཆུ་དང་ཧ་ཅང་ཐག་ཉེ་བ་ནི་དགེ་མཚན་ཞིག་ཡིན་པས་ལེགས་པོ་བསྒྲུབ་དགོས”ཞེས་འཚོ་བ་ལ་ཡིད་ཆེས་ཀྱིས་བརྟས་ཏེ་དེ་ལྟར་བཤད། ཏག་ཏག་ལོ་དེར་རྟ་བྷ་ཚང་གིས་དབུལ་བོའི་ཞྭ་མོ་ཕུད།
2018ལོ་ནས་ད་བར་དུ། རྟ་བྷའི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གིས་ལོ་རེའི་ཟླ་བཞི་བའི་ཟླ་དཀྱིལ་ནས་བཟུང་གཉེར་སྐྱོང་བྱེད་མགོ་བརྩམས་པ་དང་། ཟླ་བཅུ་བའི་ཟླ་དཀྱིལ་དུ་གཉེར་མཚམས་འཇོག་པ་རེད། ཟས་རིགས་གཙོ་བོ་དུས་རྒྱུན་གྱི་སྔོ་ཚལ་བརྔས་མ་ཡིན་ཞིང་། ཤུག་པོས་ཇ་མ་བྱེད་ཅིང་། ཁོས་ཞབས་ཞུའི་ལས་སྒྲུབ་བཞིན་ཡོད། ཡུལ་སྐོར་དུས་བཟང་གི་སྐབས་ལ། གྲོང་ཚོའི་ནང་གི་བུད་མེད་གཅིག་གཉིས་རེ་ལས་རོགས་སུ་གླས་ནས་མི་རེར་ཉིན་རེར་སྒོར100ཡི་གླ་ཆ་སྤྲད་པ་རེད།
ལོ་འདི་དག་རིང་ཚོང་གི་འཕེལ་ཁ་བཟང་བས། རྟ་བྷས་སྔོན་ཆད་ཀྱི་ཁང་པ་ཇེ་རྒྱས་ཇེ་ཡག་ཏུ་བཏང་སྟེ་འགྲུལ་བ་སྣེ་ལེན་བྱེད་ས་བཅོས་པ་དང་། ཞིང་ཁྱིམ་སྤྲོ་སྐྱིད་གླིང་དུ་སྡོད་ཤག་ལས། འགྲུལ་བ་ཉུང་དུས་རྟ་བྷོས་སྒོ་ལམ་དུ་ཟས་རིགས་སྲེག་མ་གཡོས་ནས་འཚོང་བ་རེད། ན་ནིང་ལོར་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གིས་སྒོར་ཁྲི3ལྷག་བཙལ། ཟླ་བཅུ་བའི་ཟླ་དཀྱིལ་དུ་སྒོ་གཏན་རྗེས། ངེད་བཟའ་ཟླ་གཉིས་ཉེ་འཁོར་དུ་ཞོར་ལས་ཕྱིན་ནས་ཟླ་གཅིག་ལྷག་ཙམ་ལ་སྒོར་ཁྲི་གཅིག་ལྷག་བཙལ་བ་ཡིན་ཟེར།
རྨ་ཆུའི་འགྲམ་དུ་གནས་སྤར་རྗེས། རྟ་བྷོའི་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་ལེགས་སུ་ཕྱིན། ད་ལོའི“ལྔ་གཅིག”གུང་གསེང་གི་སྐབས་ལ་བདེ་སྐྱིད་གྲོང་ཚོའི་འཁྲུག་ཆ་དོད་པའི་རྣམ་པ་བཟང་པོས་ཀུན་ལ་ཕན་ཁེ་ཡང་མི་དམན་པ་ཞིག་བསྐྲུན། རྟ་བྷས་བཞིན་ལ་འཛུམ་ཞིག་འཁྱིལ་ཞོར་རྨ་ཀླུང་སྔོན་མོའི་ངོགས་སུ་བསྒྲུབ་ཕོད་པའི་སྙིང་སྟོབས་དང་བརྩོན་པ་ཡོད་ན་འཚོ་བ་ཡང་ཆུ་ཀླུང་དེ་དང་མཚུངས་པར་གསོན་ཉམས་ཀྱི་ཕྱུག་པའི་ཆུ་རྒྱུན་རིང་དུ་འབབ་ཐུབ་ཟེར།
གཡང་བྷ་བཟའ་ཟླ་དང་ཚེ་རིང་སྒྲོལ་མ།
སྔ་དྲོའི་ཆུ་ཚོད9ཡི་སྟེང་དུ། གཡང་བྷ་བཟའ་ཟླ་གཉིས་ཀྱིས་ཚོང་ཁང་ཆུང་ཆུང་གི་སྒོ་ཕྱེས་ཏེ་མགྲོན་པོ་བསུས་བྱུང་། སྡེ་བའི་རླངས་འཁོར་འཇོག་ས་དང་པོའི་མཁྲིས་སུ་སིལ་ཟས་དང་བཏུང་ཆུ། རྒྱུན་སྤྱོད་ཉེར་མཁོ་རིགས་བསྒྲིགས་པའི་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་ནི་ཏག་ཏག་ཁོ་བཟའ་ཟླ་གཉིས་ཀྱིས་ཕྱེས་པའི་བདེ་སྐྱིད་སྣ་འཛོམས་ཚོང་ཁང་རེད། སྨི་གྲུ་བཞི་མ48ཅན་གྱི་ཁང་པ་ཆུང་ཆུང་འདི་ནི་གྲོང་ཚོའི་ཐུན་མོང་གི་རྒྱུ་ནོར་ཡིན། 2024ལོར་གཡང་བྷ་བཟའ་ཟླ་གཉིས་ཀྱིས་ལོ་རེར་སྒོར་ཁྲི1གི་བགས་མ་བཏང་ནས་གླས། ང་ཚོས2018ལོ་ནས་བཟུང་ཐང་བཤམས་ཀྱི་ཚོང་བརྒྱབ་པ་ཡིན། དང་ཐོག་སིལ་ཟས་དང་བཏུང་ཆུ་རིགས་བཙོང་བ་ཡིན། བྱེ་ཐང་བསྐྲུན་རྗེས་རོལ་རྩེད་བྱེད་མཁན་ཇེ་མང་དུ་སོང་བའི་བབ་དང་བསྟུན་ནས་བྱེ་ཐང་གི་རྩེད་ཆས་བཙོང་བ་ཡིན། ཤིང་ཁང་ཆུང་ངུ་འདི་མེད་དུས་སྤྱིལ་བུ་ཞིག་ནང་སྒྲོམ་སྟེགས་སྟབས་བདེ་རེ་བཟོས་ནས་བཏུང་ཆུ་བསྒྲིགས་ས་དང་འཁྱགས་སྒམ་འཇོག་ས་བྱས།
2017ལོའི་སྔ་རོལ་ལ། གཡང་བྷས་རང་གི་འཚོ་བ་ནི་ས་ཞིང་མུའུ་གཅིག་གཉིས་ལ་བརྟེན་དགོས་སྙམ་ནས་སྒོ་ཟོག་འགའ་གསོས་ཏེ་རང་གི་བུ་མོ་སློབ་གྲྭར་འཇུག་ཐུབ་བྱས་ཀྱང་། འཚོ་བ་སྔར་བཞིན་འགྱུར་ལྡོག་ཆེར་མ་བྱུང་། 2017ལོའི་རྨ་ཆུའི་འགྲམ་གྱི་བདེ་སྐྱིད་གྲོང་ཚོར་སྤར་རྗེས་འཚོ་བ་ལམ་ཁ་གསར་བ་ཞིག་སྤུད་པ་དང་འདྲ་བར་འགྱུར་ལྡོག་སྣ་ཚོགས་ཞིག་བྱུང་།
དང་ཐོག་གནས་སྤར་མ་ཐག་ཡུལ་དེའི་འཚོ་བའི་ཁོར་ཡུག་ལ་ཆ་རྒྱུས་མེད་པས་ལས་གང་ཞིག་བསྒྲུབ་དགོས་པ་མི་ཤེས། སྐུ་མགྲོན་མང་འགྲོ་འོང་གི་བབ་དང་བསྟུན་ནས་ཐང་བཤམས་ཀྱི་ཚོང་བརྒྱབ་པ་ཡིན། ཁོམ་ལོང་མེད་པའི་ཟླ་བ་དྲུག་ལྷག་གི་དུས་ཚོད་ནང་སྒོར་ཁྲི་གསུམ་བཞི་རེ་བཙལ་ཐུབ། དེ་ནི་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཞིག་རེད་ཟེར།
སིལ་ཚོང་གི་ལས་རིགས་ལ་རྒྱུས་མངའ་མེད་པའི་བཟའ་ཟླ་གཉིས་ཀྱིས་ཚོང་གཉེར་རྗེས། སྐུ་མགྲོན་ཇེ་མང་ཡིན་ཞིང་། ཉི་འགོག་ཞྭ་མོ་དང་རྩེད་ཆས་སོགས་སྣ་ཁ་མང་པོ་ཞིག་སྒྲོམ་སྟེགས་སུ་བཤམས། ཁོ་གཉིས་ཀྱིས་རྒྱ་སྐད་སློབ་ཞོར་ཏུ་ཚོང་རྒྱག་པ་དང་། སྐུ་མགྲོན་སིལ་ཟས་དང་བཏུང་ཆུ་གང་ལ་དགའ་བ་བརྟག་ནས་ཚོང་རྒྱག་པ་རེད།
གཡང་བྷ་ཡིས་འདི་སྐད། དང་ཐོག་གྲོང་ཚོའི་ནང་གི་ཁྱིམ་ཚང་གཅིག་གཉིས་ཀྱིས་ཐང་བཤམས་ཀྱི་ཚོང་གཉེར་མགོ་བརྩམས། ད་ལྟ་ལམ་གཞུང་གི་གཡས་གཡོན་དུ་ཁྱིམ་ཚང་ཕལ་ཆེ་བས་ཚོང་ཁང་ཕྱེས་ཡོད་ཟེར།
གཡང་བྷའི་ཚོང་གཉེར་གྱི་བསམ་བློ་དང་དགོས་མཁོ་མི་འདྲ་བ་ཞིག་ནི་ཚེ་རིང་སྒྲོལ་མ་སྟེ། མོས་འཚོ་བ་གསར་པ་ཞིག་ལ་རེ་སྙེག་བྱེད་བཞིན་ཡོད།
2017ལོར་ཚེ་རིང་སྒྲོལ་མ་ཕ་མའི་རྗེས་འབྲངས་ནས་རྨ་ཆུའི་འགྲམ་གྱི་བདེ་སྐྱིད་གྲོང་ཚོར་གནས་སྤར་རྗེས། མོས་ཐོག་དང་པོར་ཁད་ཐག་ཉེ་ས་ནས་རྨ་ཆུ་ཐོག་དང་པོར་མཐོང་བ་རེད། སྐབས་དེར་རྒན་པ་རྣམས་ཀྱིས་བཤད་ན། ས་དེར་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་རྒྱུ་མ་ཟད། བྱེ་ཐང་ཞིག་ཀྱང་བཟོ་རྒྱུ་རེད་ཟེར།
2020ལོར་རྒན་པའི་ངག་ནས་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་ནས་གྲུབ་ཡོད་པ་དང་། བྱེ་ཐང་དང་དེར་མཁོ་བའི་རྐུབ་སྟེགས་ལ་སོགས་ཀྱང་རྨ་འགྲམ་དུ་ཐོན་འདུག་ཚུལ་ཐོས་པས། མོ་རང་སློབ་གྲྭ་རུ་མི་སུ་དང་འཕྲད་ན“ང་ཚོའི་སྡེ་བར་བྱེ་ཐང་ཡོད”ཅེས་ངོམ་བཤད་བྱས། དེ་དང་བསྟུན་ནས་དེ་གར“ཚོང་ཁང་ཆུང་ངུ་ཞིག་གཉེར་ཐུབ་ན་ཅི་མ་རུང་”སྙམ་པའི་འདུན་པ་ཡང་སེམས་ལ་འཆར་མྱོང་། ད་ལོར་ལོ་ན22ལ་སོན་པའི་ཚེ་རིང་སྒྲོལ་མ་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་དུ་མཐར་ཕྱིན་རྗེས། ལས་ཞུགས་ཀྱི་གནོན་ཤུགས་ཆེན་པོས་མོ་རང་མགོ་འཐོམ་ནས་ག་བྱེད་འདི་བྱེད་མེད་པ་ཞིག་ཏུ་གྱུར།
བདེ་སྐྱིད་གྲོང་ཚོར་བཅའ་སྡོད་བྱས་པའི་ཧྲུའུ་ཅི་ཆིན་ཝེ་ཡིས་མོ་ལ་ཁ་པར་ཡོང་ནས་ཕྱིར་སྡེ་བར་ལོག་ནས་ཁྱིམ་ལ་རོགས་པ་བྱེད་ཞོར་ཉམས་མྱོང་རེ་གསོག་ཅེས་སྐད་ཆ་ལབ་པས་ད་གཟོད་མོས་སེམས་ཁྲལ་སེལ། སྡེ་བའི་བྱེ་ཐང་ཁུལ་དེ་ཕྱོགས་གསུམ་པས་གཉེར་སྐྱོང་བྱེད་ཀྱིན་ཡོད་པས། ཁོ་ཚོས་ས་དེའི་ཡུལ་མིས་ཚོང་གཉེར་དོ་དམ་བྱས་ན་ལེགས་པའི་རེ་བ་བརྒྱབ་བྱུང་བས། བབ་དེ་དང་བསྟུན་ནས་ཚེ་རིང་སྒྲོལ་མས་དེ་གར་ཇ་ཁང་ཞིག་གཉེར་བའི་གོ་སྐབས་རག ཟླ་བཞི་བར་གཉེར་མགོ་བརྩམས་པ་ཡིན་མོད། ཆེས་བཟང་དུས་ཉིན་གཅིག་ལ་སྒོར1000རེ་རག་ཐུབ”ཟེར། ཟླ་བ་གཅིག་གི་དུས་ཚོད་ནི་ཧ་ཅང་ཐུང་ཐུང་ཞིག་ཡིན་ན་ཡང་། མོས་སྐུ་མགྲོན་ལ་ཞབས་ཞུ་ཇི་ལྟར་བསྒྲུབ་དགོས་པ་དང་། མི་གང་དག་ལ་ཇ་གང་ཞིག་འོས་སྦྱོར་བྱས་ན་ལེགས་པ་སོགས་ཤེས་བྱ་དག་རིམ་གྱིས་རྒྱུད་ལ་ངེས། ཚེ་རིང་སྒྲོལ་མས་འདི་སྐད། སྔོན་ཆད་རྨ་ཆུའི་འགྲམ་དུ་ཚོང་ཁང་ཞིག་གཉེར་འདོད་བསམ་པ་ད་ལྟ་ལས་ཀ་དེ་དངོས་ནས་བསྒྲུབས་ཐུབ་སོང་ཟེར།
ཁྱིམ་ཚང་གི་སྒོ་ཁར་ལས་ལ་བརྩོན་པའི་རྡོ་རྗེ་དབང་ཕྱུག
བདེ་སྐྱིད་གྲོང་ཚོར་བཅར་དུས་ཡུལ་སྐོར་པ་མང་པོ་ཞིག་མིག་མདུན་གྱི་བྱེ་ཐང་དེར་ཕྱོགས་འགྲོ། དེ་དང་ཁད་ཐག་ཉེ་ས་ན་རྨ་ཆུ་དལ་གྱིས་འབབ་ཅིང་། བྱེ་ཐང་གི་རྐུབ་སྟེགས་དང་པར་རྒྱག་ས། བྱིས་པའི་རོལ་རྩེད་སྒྲིག་ཆས་སོགས་གྲལ་བསྟར་ནས་ཡོད། ཆིན་ཝེ་ཡིས་ཉིན་རེར་སྐུ་མགྲོན་ཆེས་མང་ས་ནི་གནས་དེ་ཡིན། འཕྲོད་བསྟེན་དང་ཞབས་ཞུ། བདེ་འཇགས། ཞུ་གཏུག་ཐག་གཅོད་ལ་སོགས་ནི་ལས་ཀུན་གྱི་གཙོ་བོ་ཡིན་ཟེར། ཏག་ཏག་དེ་ནི་རྡོ་རྗེ་དབང་ཕྱུག་གི་དོ་དམ་ཁྱབ་ཁོངས་རེད།སྔ་དྲོར་ཡུལ་སྐོར་བ་མང་པོ་མེད་དུས་རྡོ་རྗེ་དབང་ཕྱུག་གིས་དེ་གའི་སྒྲིག་ཆས་དང་ཡོ་བྱད། ཁོར་ཡུག་ལ་སོགས་ཀྱི་མི་མངོན་རྐྱེན་ངན་ལ་ཞིབ་བཤེར་ནན་མོ་བྱེད་དགོས། ལོ་ན20ལ་སོན་མ་ཐག་པའི་གསར་བུ་འདིའི་གཟུགས་གཞི་དྲང་ཞིང་། རྐང་ལག་མྱུར་བ་ལ་སོགས་ལུས་ཡོངས་རྩལ་གྱིས་རྫོགས་འདུག་ལ། རྨ་ཆུ་སྔོན་མོ་སྲུང་ཞོར་བློ་གཅིག་སེམས་གཅིག་གིས་འཚོ་བ་སྐྱིད་པོ་ཞིག་ལ་བརྩོན་གྱིན་ཡོད།
ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་རྡོ་རྗེ་དབང་ཕྱུག་ཀྱང་ཁོམ་ལོང་མེད་པར་གྱུར། དོ་དམ་གྱི་ལས་ཀ་ཙག་ཙིག་དེ་ནམ་ཡང་བག་ཟོན་མི་ལྷོད་པ་བྱེད་དགོས་པས་ཁོ་ལ་མཚོན་ན་དཀའ་ཁག་ཅུང་ཟད་འདུག ཁོས་བློ་ཞིབ་མོས་ཡུལ་སྐོར་བ་རེ་རེས་རྩད་འདྲི་ལ་ལན་འདེབས་བཞིན་ཡོད། དེ་ནི་ཁོས“གནས་འདི་རང་གི་ཁྱིམ་བཞིན་དུ་ལས་ཀ་རེ་རེ་ལེགས་པོ་བསྒྲུབས་པ་ནི་ཡུལ་སྐོར་བ་སླར་ཡང་ཡོང་འདོད་ཀྱི་སེམས་པ་འགུགས་ཆེད་ཡིན”ཟེར་བའི་བབ་ཆགས་ཀྱི་གནས་ལུགས་ལ་བཟུང་བའི་རྣམ་འགྱུར་ཞིག་ཅི་ལ་མིན།
ལོ་གསུམ་གྱི་སྔོན་ལ་མཐོ་འབྲིང་མཐར་ཕྱིན་རྗེས། རྡོ་རྗེ་དབང་ཕྱུག་ན་མཉམ་གྱི་གཞོན་སྐྱེས་གཞན་དག་དང་འདྲ་བར་གྲོང་ཁྱེར་ཆེན་པོ་ཐབས་བརྒྱ་ཇུས་སྟོང་གིས་བསྐྱོད་ཅི་ཐུབ་མི་བྱེད་པར། རང་ཁྱིམ་གྱི་སྒོ་ཁར་འབབ་པའི་རྨ་ཀླུང་སྔོན་མོ་དང་ཉིན་རེ་བཞིན་འཕེལ་བཞིན་པའི་བདེ་སྐྱིད་གྲོང་ཚོ་སྲུང་ནས་སྡོད་པའི་སེམས་ཐག་བཅད། དང་ཐོག་ཁོ་རང་ཟ་ཁང་དུ་ཞབས་ཞུའི་ལས་ཀ་བསྒྲུབས། ཕྱིས་གཞུང་རྒྱུད་དྲང་ལ་ལས་ཀར་ཞིབ་ཆ་ལྡན་པར་བརྟེན་པ་སེ་བྲིན་འཚོང་གི་ལས་གནས་སུ་བཀོད་ཅིང་། ཁོས་ལྗོངས་ཁུལ་གྱི་སྒོ་མདུན་དུ་སེམས་ཞིབ་མོས་ཡུལ་སྐོར་བ་རེ་རེ་སྣེ་ལེན་བྱེད་ཞོར་རྩད་འདྲི་རེ་རེ་ལ་ལན་བཏབས་མྱོང་། ད་ལོར་ཁོ་དོ་དམ་པ་ཞིག་ཏུ་གྱུར་ནས་ལྗོངས་ཁུལ་གྱི་བྱེ་ཐང་སོགས་ས་ཁོངས་དུ་མར་དོ་དམ་གྱི་འགན་བཞེས་ཡོད་ཅིང་། ཟླ་རེར་སྒོར3500ཡི་གླ་ཕོགས་ཡོད་པ་དང་། ཡོང་འབབ་སྔོན་ཆད་ལས་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་ལས་ཀའི་འགྲན་རྩོད་ཡང་སྔོན་ཆད་ལས་ཆེ།
ལོ་གཅིག་གི་ཡོང་འབབ་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བ་མ་ཟད། ཉིན་རེར་ཡུལ་སྐོར་བ་མི་འདྲ་བ་ལ་གདོང་གཏད་པས་བསམ་བློ་དང་མཐོང་རྒྱ་ཡང་སྔོན་ཆད་དང་མི་འདྲ་བ་ཞིག་བྱུང་ཞེས་རྡོ་རྗེ་དབང་ཕྱུག་གིས་རང་གི་ལས་ཀའི་མྱོང་ཚོར་བརྗོད། རྨ་ཆུ་ལ་བརྟེན་ནས་ཡོང་འབབ་གཏན་འཇགས་ཤིག་བླངས་ན་སེམས་ཀྱང་བདེ་ལ་འབབ་ཐུབ་ཟེར།
བདེ་སྐྱིད་གྲོང་ཚོས་རྨ་ཆུའི་སྐྱེ་ཁམས་མཛེས་ལྗོངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་གོང་དུ་སྤེལ་ཏེ། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རིར་བསྒྱུར་ཞིང་། ཡུལ་སྐོར་སྐུ་མགྲོན་སྐོར་དང་སྐོར་བྱས་ནས་གནས་འདིར་ཕྱོགས་ཡོང་བ་དང་། སྡེ་མི་རྣམས་ཀྱིས་ཁྱིམ་ཚང་གི་སྒོ་མདུན་དུ་ལས་ཀ་རག་ནས“སྐྱེ་ཁམས་ཀྱི་ཟ་མ”“ཡུལ་སྐོར་གྱི་ཕོར་བ”རུ་འཇུག་ཐུབ་ཡོད་པ་བཅས་འགུལ་མེད་ཀྱི་སྐྱེ་ཁམས་ལོངས་སྤྱོད་ཀྱིས་དཔལ་འབྱོར་གྱི་རིན་ཐང་བསྐྱེད་ཅིང་། དེ་ལས་ཀྱང་ཉམས་དགའ་བ་ཞིག་ནི་དངུལ་ཁུག་རྒྱགས་ཆེ་ཞིང་། འཚོ་བ་ཇེ་ལེགས་སུ་ཕྱིན་པ་དེ་རེད།
མགོ་བོ་ཡར་བཏེགས་ཏེ་རྨ་ཆུ་ལ་ལྟ་བའི་རྡོ་རྗེ་དབང་ཕྱུག་གི་བཞིན་ལ་འཛུམ་གྱིས་ཁེངས་ཤིང་། སྨིན་མཚམས་ལ་རེ་སྨོན་གྱིས་ཁེངས། རྗེས་མ་འཆར་གཞི་ཅི་ཞིག་ཡོད་ཅེས་འདྲི་དུས། ཁོས་ལན་དུ་ཉམས་མྱོང་མང་པོ་ཞིག་བསགས་ཏེ། ལྗོངས་ཁུལ་དོ་དམ་དང་གཉེར་སྐྱོང་གི་ཤེས་བྱ་བྱང་ཆུད་པ་ཞིག་སྦྱངས་འདོད། ཉི་མ་ཞིག་ལ་གོ་སྐབས་རག་དུས་རང་ཉིད་ཀྱིས་ལས་གཏོད་བྱེད་བསམ་ཡོད། ད་ལྟ་སྲིད་ཇུས་ཡག་པོ་རེད། རྨ་ཆུའི་མཛེས་ལྗོངས་འདི་སྲུང་ནས་དཀའ་སྡུག་ལ་ཞུམ་པ་མེད་ན་འཚོ་བ་སྐྱིད་པོ་རོལ་མི་ཐུབ་རྒྱུ་ཅི་ཡོད་ཟེར།
རླུང་བུ་ཆུ་ངོས་ནས་དལ་གྱིས་ལྡང་ཞིང་། ཁོས་གཞོན་ཤ་དར་བའི་བཞིན་རིས་ལ་བྱིལ་བྱིལ་ཅིག་བྱས་རྗེས་སྐྱེ་ཁམས་ལ་བརྟེན་ནས་དར་རྒྱས་བྱུང་བའི་གྲོང་ཚོའི་ཕྱོགས་སུ་བསྐྱོད། རྡོ་རྗེ་དབང་ཕྱུག་གི་མིག་མདངས་སུ་རྩལ་གྱིས་རྫོགས་པའི་སྟག་ཤར་ཞིག་གི་ངར་ཤུགས་ཤིག་མངོན་ཡོང་། ངས་ཡུལ་ཕྱོགས་འདིའི་རི་ཆུ་ལ་བརྟེན་ནས་གཅིག་ནས་རང་ཁྱིམ་གྱི་འཚོ་བ་ཕུན་སུམ་ཚོགས་པོར་བསྒྱུར་འདོད་པ་དང་། གཉིས་ནས་ན་གཞོན་མང་པོ་ཞིག་འདི་གར་འགུགས་འདོད་ཟེར།
རྨ་ཆུའི་འགྲམ་དུ་རྐང་ཚུགས་པའི་བདེ་སྐྱིད་གྲོང་ཚོའི་མི་རྣམས་ཀྱིས་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་བབ་ཆགས་ལ་གཏིང་ཟབ་པའི་གནས་ལུགས་ཤིག་བརྗོད་བཞིན་ཡོད་ཅིང་། དེ་ནི་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོབ་ཀྱིས་གསེར་རི་དང་དངུལ་རི་བཞེངས་ཐུབ་པ་དེ་རེད།