ཚེས21ཉིན་ནས་ཚེས24ཉིན་བར་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས་བརྒྱད་པ་ཁྲུང་ཆིང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ནང་ཞུགས་ཏེ་སྒོ་དབྱེད་ཀྱི་རྣམ་འགྱུར་ཐོག་ནས་མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་མངོན་པར་བྱས་པ་དང་། དོན་དངོས་ཀྱི་བྱ་ཐབས་ལ་བརྟེན་ནས་ཚོང་དོན་མཉམ་ལས་ལ་སྐུལ་འདེད་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།
ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དེ་ནི་ནུབ་རྒྱུད་གཞི་རྐང་དུ་བྱེད་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ། འཛམ་གླིང་སྦྲེལ་མཐུད་བྱེད་པའི་རྒྱལ་སྤྱིའི་ཚོང་དོན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ། ནུབ་རྒྱུད་ས་ཁུལ་ཆུ་ཚད་མཐོ་བའི་སྒོ་ནས་སྒོ་དབྱེད་དང་ཁུལ་ཁོངས་མཉམ་ལས་ཀྱི་ཚོང་དོན་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ལས་སྦྲེལ་ཐག་དང་ཚོང་འགུགས་མངོན་གསལ་དོད་པོས་ཐོན་རྫས་བཟང་བོ་ཕྱི་རུ་བསྐྱོད་པ་བརྗོད་དོན་དུ་བཟུང་ནས་སྨི་རྒྱ་དཔངས་གྲུ་བཞི་མ160ཡི་འགྲེམ་ཁུལ་བཙུགས་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་གཅིག་བསྡུས་སྒོས་མངོན་པར་བྱས། འགྲེམས་ཁུལ་གྱིས་གཙོ་བོར་ན་གོར་མོ་ཁུ་ནུ་དཔལ་འབྱོར་གསར་སྤེལ་ཁུལ་དང་རྟ་ཐང་པེ་ཁྲོན་བཟོ་ལས་གླིང་། ཀན་ཧི་བཟོ་ལས་གླིང་སོགས་གླིང་ཁུལ་གྱི་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། རྫས་འགྱུར་བཟོ་ལས་ཞིབ་ཚགས་སོགས་གཙོ་ཁྲིད་ཐོན་ལས་འོས་སྦྱོར་བྱས་ནས་རྒྱལ་ཡོངས་ཀྱི་ཐོན་ལས་ཐོན་ཁུངས་སྦྲེལ་མཐུད་གནད་ཁེལ་བྱས་ཏེ་ཐོན་ལས་སྦྲེལ་ཐག་གནད་ཁེལ་ཚོང་འགུགས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་། དུས་མཚུངས་སུ་ས་གནས་དེ་གའི་སྤུས་ལེགས་ཁེ་ལས10ལྷག་ཞིབ་ཚགས་ངང་བདམས་ནས་མཚོ་སྔོན་གྱི་ཚྭ་དང་སྦྲང་རྩིའི་ཐོན་རྫས། འོ་མའི་ཐོན་རྫས། ནོར་ལུག་གི་ཤའི་ཐོན་རྫས། ནས་ཀྱི་ཐོན་རྫས། འཕང་འབྲས་དང་སྟར་བུའི་ལས་སྣོན་ཐོན་རྫས་སོགས་རིགས་ཆེན་པོ་བདུན་གྱི་ཐོན་རྫས60ལྷག་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། མཚོ་སྔོན་ཁྱིམ་ཚང་གསོལ་སྟོན་འགྲེམས་སྟོན་ཁུལ་བཙུགས་ནས་མཚོ་སྔོན་གྱི་ཟས་མཆོག་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ལྗང་མདོག་ཟས་རིགས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
ཐེངས་འདིའི་འགྲེམས་སྟོན་ལ་ཞུགས་པ་ནི་མཚོ་སྔོན་གྱིས་ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེད་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། འཐུས་ཚབ་ཚོགས་པས་ནུབ་རྒྱུད་ཚོང་གཏམ་གྲོས་ཚོགས་ཀྱི་རྒྱལ་སྤྱི་ཅན་དང་ཆེད་ལས་ཅན་གྱི་སྟེགས་བུར་བརྟེན་ནས་ཕྱོགས་ཡོངས་ནས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན་དང་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ། ཚོང་གཉེར་ཁོར་ཡུག་དང་ཚོང་འགུག་དངུལ་འདྲེན་གྱི་ནུས་པ་མི་དམན་པ་བཅས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ། མཚོ་སྔོན་གྱི་སྒོ་འབྱེད་འཕེལ་རྒྱས་ཀྱི་གཟུགས་བརྙན་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ཐོན་ལས་སྦྲེལ་མཐུད་དང་དངོས་ཟོག་འགྲེམས་ཚོང་། རིག་གནས་འགྲེམས་སྟོན་སོགས་ཀྱི་རྣམ་པ་སྣ་མང་བརྒྱུད་ནས་མཚོ་སྔོན་དང་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་དང་། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ས་ཁུལ་དབར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་ཐོན་ལས་མཉམ་ལས། རྣམ་གྲངས་འབྲེལ་མཐུད། ཐོན་རྫས་ཉོ་ཚོང་བཅས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། མཚོ་སྔོན་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་འགྲན་རྩོད་ཀྱི་ལེགས་ཆར་དངོས་སུ་བསྒྱུར་ནས་ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས་པ་དང་། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏིང་ཟབ་གཏོང་བར་གསོན་ཤུགས་གསར་པ་བསྣན་ཡོད།
ཞིང་ཆེན་ཚོང་དོན་ཐིང་གིས་ཐེངས་འདིའི་ནུབ་རྒྱུད་ཚོང་གཏམ་གྲོས་ཚོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཁྲུང་ཆིང་དང་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་དང་མཉམ་ལས་གཏིང་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ཕྱི་འགུག་ནང་འདྲེན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་། སྤུས་ལེགས་ཐོན་རྫས་རྒྱལ་ཡོངས་སུ་བསྐྱོད་པ་དང་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད།