ཟླ5པའི་ཚེས20ཉིན། མཚོ་སྔོན་པོའི་འགྲམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཆུ་ནང་དུ་གསེར་ཉ་ཁྱུ་དང་ཁྱུ་བྱས་ཏེ་རྐྱལ་བཞིན་ཡོད་པ་དང་། མཚོ་ངོས་སུ་དུས་བྱ་ལྡིང་སྐོར་རྒྱག་བཞིན་ཡོད་པས། “ཉ་བྱ་མཉམ་གནས”ཀྱི་སྐྱེ་ཁམས་མཛེས་ལྗོངས་རིམ་བཞིན་མངོན་ཡོད། མིག་སྔར། གསེར་ཉ་ཕྱིར་ལོག་པའི་དུས་དངོས་སུ་འགོ་བརྩམས་ཡོད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། ཕྱོགས་མང་པོའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ་ཁྲིམས་འགལ་གྱིས་ཉ་འཛིན་པ་བཅོས་སྒྲིག་ནན་མོ་བྱས་ཏེ། མཚོ་སྔོན་པོའི་གསེར་ཉ་ལྐོག་འཛིན་དང་ལྐོག་འདྲེན་གྱིས་ཁེ་ཕན་ལྐོག་འཚོང་བྱེད་པའི་མུ་ཕྲེང་ཧྲིལ་པོ་རྦད་དེ་བཅད་པས་ཕན་འབྲས་མངོན་གསལ་བླངས་ཡོད། 2023ལོ་ནས་བཟུང་། ཞིང་ཆེན་ཡོངས་སུ་བསྡོམས་པའི་ཉ་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱོད་དོན29ལྷག་དང་། ཉེས་དོན་གྱོད་དཔེ17ལྷག་རྩད་ཆོད་པ་དང་། ཉ་སྤྱི་རྒྱ6098.2རྩིས་ལེན་བྱས་ལ། ཁྲིམས་འགལ་གྱིས་ཉ་འཛིན་པའི་གནས་ཚུལ་ལ་ཕན་ནུས་ལྡན་པའི་བཀག་སྡོམ་བྱས།
ཞིང་ཆེན་ཡོངས་ཀྱིས་བྱེད་ཐབས་མང་པོ་མཉམ་དུ་སྤྱོད་པ་དང་གནད་འཁེལ་ཇུས་འདོན། དོ་དམ་ཚོད་འཛིན་ནན་མོ་བཅས་རྒྱུན་འཁྱོངས་བྱས་ཏེ། འཛིན་བཟུང་བཀག་སྡོམ་དང་ཉ་འཛིན་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་། “མཚོ་སྔོན་ཉ་སྲིད་ཀྱི”ཆེད་དམིགས་འགུལ་སྤྱོད་སྤེལ་ནས། ཉ་རིགས་ཕྱིར་ལོག་པ་དང་མཚེའུ་འགོག་པའི་འགག་རྩའི་དུས་མཚམས་དང་། འབྲེལ་མཚམས་རྨོངས་ཁུལ་དང་ལུང་ཁུག་ཆུ་ཁོངས་བཅས་ལ་དམ་པོར་དམིགས་ཏེ་ཉིན་མོ་སྐོར་ཞིབ་དང་མཚན་བཤེར། དུས་ཆེན་དང་གུང་གསེང་བཅས་ཀྱི་སྐབས་སུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱབ་ཁོངས་ཡོངས་སུ་དོ་དམ་དང་ཚོད་འཛིན་ནན་མོ་བྱེད་པ་མངོན་འགྱུར་བྱས། “ཁུ་ནུའི”ཆེད་དམིགས་བྱ་སྤྱོད་ལག་བསྟར་བྱས་ཏེ། ཉ་འཛིན་པ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་ཀྱི་མུ་ཕྲེང་ཡོངས་སུ་དུས་གཅིག་ཏུ་ཞིབ་བཤེར་དང་གཞི་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ནས། ཁྲིམས་འགལ་ཁེ་ཕན་ཀྱི་མུ་ཕྲེང་རྦད་དེ་རྩད་གཅོད་བྱས། ཁྲོམ་རའི་འཇུག་འཐུས་ཀྱི་འགག་སྒོ་ནན་མོ་བཟུང་ནས། ཞིང་ལས་ཉོ་འཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་། བཟའ་བཏུང་ལས་ཁུངས། གློག་རྡུལ་ཚོང་དོན་བཅས་ལ་དོ་སྣང་ནན་མོ་བྱས་ཏེ། རྩིས་ཐོ་དང་ཐོན་ཡུལ་དཔང་ཡིག་ལ་ཞིབ་བཤེར་ནན་མོ་བྱས་ནས། གཙང་བཤེར་སྒྲིག་འགལ་དྲིལ་བསྒྲགས་བྱེད་པ་དང་ཁྲིམས་འགལ་ངང་ཉ་འཛིན་པའི་འཁོར་རྒྱུག་ཐབས་ལམ་བཀག་འགོག་བྱས།
དེ་དང་ཆབས་ཅིག གཞི་རིམ་གྱི་དོ་དམ་སྲུང་སྐྱོང་དཔུང་ཁག་སྟོབས་ཆེར་བཏང་སྟེ། “ཆེད་ལས་ཀྱི་ཁྲིམས་འཛིན་དང་མང་ཚོགས་ཀྱི་དོ་དམ་སྲུང་སྐྱོབ”མ་ལག་བཙུགས་ཏེ། ལས་ཡུལ་དང་པོའི་སྐོར་ཞིབ་དང་ཁུངས་སྣེ་ཡར་ཞུ། སྲིད་ཇུས་དྲིལ་བསྒྲགས་བཅས་དམ་འཛིན་ནན་མོ་བྱས་པ་མ་ཟད། ཁྱབ་ཁོངས་ཡོངས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། སྨྱན་སྦྱོར་དང་གསལ་བསྒྲགས། དྲིལ་བསྒྲགས་དཔྱད་གཞི། སྤྱི་ཕན་འཕྲིན་ཐུང་སོགས་སྤེལ་ནས། འཛིན་བཟུང་བཀག་སྡོམ་གྱི་སྲིད་ཇུས་ཁྱོན་ཡོངས་སུ་ཁྱབ་པ་དང་། མིའི་སེམས་སུ་ཟུག་པར་སྐུལ་འདེད་བཏང་།