མཚོ་སྔོན་གྱི་རིག་གནས་ཐོན་ལས་ཀྱི་གྲུབ་འབྲས་གསར་པ་ཧྲིན་ཀྲིན་རིག་གནས་ཐོན་རྫས་འགྲེམས་ཚོགས་སུ་མངོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་འགྲེམ་ཁུལ་གྱི་གནས་ཚུལ། ཟླ5པའི་ཚེས21ཉིན་ནས་ཚེས25ཉིན་བར། སྐབས་ཉེར་གཉིས་པའི་ཀྲུང་གོ(ཧྲིན་ཀྲིན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་འཚོང་ཚོང་གཏམ་གྲོས་ཚོགས་ཧྲིན་ཀྲིན་དུ་བསྡུས། ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མིང་སོགས་འགོ་ཁྲིད་མཚོ་སྔོན་འགྲེམས་ཁུལ་དུ་ཕེབས་ནས་ཡུལ་དངོས་སུ་རྟོག་ཞིབ་མཛུབ་ཁྲིད་བྱས་པ་དང་། མཚོ་སྔོན་གྱི་རིག་གནས་ཐོན་རྫས་འགྲེམ་སྟོན་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། མཚོ་སྔོན་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་རྟོག་ཞིབ་མཛུབ་ཁྲིད་བྱས།

སྐབས་འདིའི་རིག་གནས་ཐོན་རྫས་འགྲེམས་ཚོགས་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། བསྡོམས་པའི་རིག་གནས་ཐོན་ལས་ཕྱོགས་བསྡུས་ཁང་དང་། རིག་གནས་རྒྱུད་འཛིན་དང་གསར་སྐྲུན་ཁང་། རིག་གནས་དང་ཚན་རྩལ་ཁང་སོགས་འགྲེམ་ཁང་ཆེན་མོ་བརྒྱད་ཡོད་ལ། དེ་དག་ཏུ་རིག་གནས་ཐོན་ས་ཀྱི་ལག་རྩལ་གསར་པ་དང་ལས་རྣམ་གསར་པ། གྲུབ་འབྲས་གསར་པ་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་ཡོད།

མཚོ་སྔོན་འགྲེམས་ཁུལ་གྱིས“རི་ཆུའི་འབྱུང་ཁུངས་མཛེས་སྡུག་གི་མཚོ་སྔོན”སྤྱི་ཡོངས་ཀྱི་ངེས་གནས་གཏན་འཁེལ་ལ་དམ་པོར་དམིགས་པ་དང་།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་དམིགས་པ།“རིག་གནས་ལྔ”ལྟེ་བར་བྱས་ཏེ་ཁྱད་ལྡན་འགྲེམ་སྟོན་ཁག་བཀོད་སྒྲིག་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་དང་གཞི་གྲངས་འགྲེམས་སྟོན། ཟློས་གར་རྩེ་གྲ། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་སོགས་ཀྱི་ནང་དོན་གྱིས་དུས་རབས་གསར་པའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འགྲེམ་སྟོན་བྱས་པ་དང་། རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཏིང་ཟབ་པའི་མཉམ་འདྲེས་བྱས་ཏེ་གྲུབ་འབྲས་ཕྱོགས་ཡོངས་ནས་གསར་གཏོད་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། སྐབས་འདིའི་རིག་གནས་ཐོན་རྫས་འགྲེམས་ཚོགས་ཀྱི་མཚོ་སྔོན་འགྲེམ་ཁུལ་གྱི་རྒྱ་ཁྱོན་ལ་མུས་གྲུ་བཞི360ཡོད་པ་དང་། བསྡོམས་པའི་ཁེ་ལས་དང་ལས་ཁུངས26ཞུགས་ཡོད་ལ། མཚོ་སྔོན་གྱི་དཔེ་ཆ་དང་ཐང་ག གཙགས་དྲུབ། དར་སྐུད་རི་མོ།     དངུལ་དང་ཟངས་ཀྱི་ཐོན་རྫས། རི་སྐྱེས་སྲོག་ཆགས་བརྗོད་བྱ་ཡིན་པའི་རིག་གནས་གསར་གཏོད་སོགས་རིགས30ལྷག་ཙམ་དང་ཁྱད་ལྡན་འགྲེམས་རྫས་སྟོང་ལྷག་ཙམ་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།