ས་རྐོ་བ་དང་། སྡོང་ཕྲུག་འཛུགས་པ། ས་སྐོང་བ། བཅག་བྱེད་པ་སོགས་སྡོང་འཛུགས་ཀྱི་གོ་རིམ་ཧྲིལ་བོ་ཚད་ལྡན་ཡིན་ལ་ཞིབ་ཆ་ལྡན། ཆུ་ཚོད་འགའི་ནང་དུ་སྡོང་ཕྲུག་རེ་རེ་བྱེ་མའི་གསེང་དུ་རྩ་བ་ཚུགས་ནས་བསིལ་རླུང་གི་ཁྲོད་དུ་གྲོང་ངེར་འགྱིང་འདུག རྒྱུས་ལོན་པ་ལྟར་ན། མ་འོངས་པའི་ཉིན་འགའི་ནང་དུ་མང་རྫོང་གིས་གནས་འདིར་སྡོང་ཕྲུག1174དང་། ས་བབ་དང་འཚམ་པའི་སྡོང་རིགས་མི་འདྲ་བ་ཁྲི་ལྷག་བཙུགས་ནས་བྱེ་ཐང་ལ་ལྗང་མདོག་གོས་བཟང་བཀླབས་འཆར་ཡོད།

མུ་གེ་ཐང་ལྗང་སྒྱུར་གྱི་ལས་འདི་སྤེལ་དོན་ནི་མང་རྫོང་གིས་ལོ་ངོ30ཡི་རིང་གི་བྱེ་བཅོས་ལ་ཕུལ་བའི་བླ་མེད་གོང་བཀུར་མཚོན་ལ། སྐྱེ་ཁམས་བཅོས་སྐྱོང་གི་གཏིང་ཟབ་ཅིང་རྒྱ་ཆེ་བའི་དོན་སྙིང་ཡང་མཚོན་ཡོད་ཅེས་མང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་འགན་འཁུར་བས་དེ་ལྟར་བཤད། བྱེ་འགོག་བྱེ་བཅོས་ཀྱི་ས་ཁོངས་གཙོ་བོ་ཡིན་པའི་ཆ་ནས་སྔོན་ཆད་མང་རྫོང་གིས་ལ་བྱེ་རླུང་གི་གནོད་འཚེ་ཚད་མེད་མྱངས་མྱོང་།

དུས་རབས་སྔོན་མའི་ལོ་རབས90བའི་དུས་མགོར། བྱེ་སྣ་དང་མུ་ཐེ་ཐང་གི་ཉེ་འཁོར་ལ་བྱེ་རླུང་གི་འཁོར་ལོ་བསྐོར་ནས་ཡུལ་དེའི་ཞིང་ས་དང་འགྲོ་ལམ་ཡོངས་བྱེ་མས་མནན་ཏེ་མང་ཚོགས་ཀྱི་འཚོ་བར་ཞེད་སྣང་ཚབས་ཆེན་བཟོས། 1996ལོར་མང་རྫོང་གིས་བྱེ་འགོག་བྱེ་བཅོས་ཀྱི་ལས་གཞི་དངོས་སུ་བརྩམས་ཏེ། གཞི་རྒྱ་ཆེ་བའི་སྐྱེ་ཁམས་བཅོས་སྐྱོང་གི་ཡོལ་བ་ཕྱེས། ལོ་ངོ་སུམ་ཅུ་ཡི་རིང་ལ། ས་གནས་དེས་བྱེ་འགོག་བྱེ་བཅོས་ཀྱི་ལས་ཀ་དེ་སྐྱེ་ཁམས་འཛུགས་སྐྱོང་གི་ལས་ཀ་གཙིགས་ཆེན་ཏུ་བརྩིས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བཟོས་ནས་བཅོས་སྐྱོང་གི་བཀོད་ཁྱབ་བཏོན། རྫོང་ཡོངས་ནས་སྔ་གཞུག་ཏུ་མ་དངུལ་དུང་ཕྱུར17.5ལྷག་བཏང་སྟེ། བྱེ་འགྱུར་ས་ཞིང་མུའུ་ཁྲི221བཅོས་སྐྱོང་བྱས། དེ་ལས་ས་མུའུ་ཁྲི164མིའི་རྩོལ་བ་ལ་བརྟེན་ནས་སྡོང་འཛུགས་བཅོས་སྐྱོང་བྱས་པ་དང་། ས་མུའུ་ཁྲི57བྱེ་བསྡམས་ནགས་གསོ་བྱས། ད་ཆ་རྫོང་ཡོངས་ཀྱི་ནགས་ཤིང་གི་ཁེབས་ཚད8.26%ལ་བསླེབས་ཡོད་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་རྩི་ཤིང་གི་ཁེབས་ཚད66.21%ལ་བསླེབས་ཡོད་པས། “བྱེ་རླུང་གིས་མི་འདེད་པ”ནས“ནགས་རྩྭ་ཡིས་བྱེ་མ་འདེད་པའི”ལོ་རྒྱུས་རང་བཞིན་དཀྱོགས་མཚམས་བདེ་བླག་ངང་ནས་མངོན་འགྱུར་བྱུང་།

ཀུའེ་ཀྲོའུ་ནས་ཡོང་བའི་མཚོ་ལྷོའི་འཆར་གཞི་དང་བླངས་མཁན་ལུའུ་ཅིན་ཆིན་ནི་བྱེ་ཐང་སྡོང་འཛུགས་ཀྱི་ལས་ལ་ཐོག་མར་ཞུགས་མཁན་ཞིག་ཡིན། ཁོས་ཡ་མཚན་པའི་སྒོ་ནས་འདི་སྐད། བྱེ་རླུང་ཤུགས་ཀྱིས་གདོང་ལ་གཡུག་འོང་དུས་ནང་སེམས་ལ་གཟོད་ཐབས་མེད་པའི་ཚོར་བ་དྲག་པོ་ཞིག་སྦྱིན་སོང་། སང་ལོར་ང་རང་སྡོང་ཕྲུག་འདི་དག་ལྟ་རུ་འོང་ངེས། སྐྱེ་མཚར་ལེགས་པོ་ཡོང་བར་སྨོན།
ལོ་འཁོར་གྱི་སྐྱེ་ཁམས་འཛུགས་སྐྱོང་འཆར་འགོད་ལྟར་ན། 2026ལོར་མང་རྫོང་གིས་རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་གྱི་སྤྱིའི་རྒྱ་ཁྱོན་ས་མུའུ་ཁྲི15.885ལེགས་འགྲུབ་འབྱུང་དགོས་པའི་འཆར་གཞི་བཀོད་ཡོད་ཅིང་། དེའི་ནང་མིའི་རྩོལ་བ་ལ་བརྟེན་ནས་ས་མུའུ་ཁྲི3ལ་སྡོང་འཛུགས་དང་། ས་མུའུ་ཁྲི2ལ་རི་བསྡམས་ནགས་གསོ་བ། ས་མུའུ་ཁྲི2.148ལ་ལས་གཞིའི་བྱེ་མཁྲེགས་གཏོང་བ། ས་མུའུ་ཁྲི0.7373སྡོད་འཛུགས་ཁ་གསབ། ས་མུའུ་ཁྲི8ཀྱི་རྩྭ་སའི་སྐྱེ་ཁམས་སླར་གསོ་བཅས་ཀྱི་ཕྱོགས་ལ་གཏང་འཆར་ཡོད། དེ་མིན་ལྗང་སྒྱུར་གྱི་འོས་འགན་ཕྱོགས་ཡོངས་ནས་ལེགས་པར་འགྲུབ་པའི་རྨང་གཞིའི་སྟེང་། སྡོང་འཛུགས་ནགས་འདེབས་ཁ་གསབ་དང་། འགག་སྒོ་གཙོ་བོ་སེལ་གཏོར་བརྒྱུད་དེ་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏང་འཆར་ཡོད།
སྡོང་འཛུགས་བྱེ་བཅོས་ཀྱི་ལས་རྒྱུན་མ་བོར་ན། སྐྱེ་ཁམས་དམངས་ཕན་གྱི་ཕན་བདེ་ཡན་རིང་དུ་བརྟན་ཐུབ། མང་རྫོང་གིས་བྱེ་འགོག་བྱེ་བཅོས་ལོ་འཁོར་སུམ་ཅུ་འཁོར་བའི་དུས་འདི་མགོ་རྩོམ་ས་གསར་པ་ཞིག་ཏུ་བརྩིས་ཏེ། སྤྱི་ཚོགས་ཀྱི་སྡོང་འཛུགས་དང་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ཏེ། བྱེ་འགྱུར་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། སྐྱེ་ཁམས་དར་སྤེལ་གྱི་དགེ་མཚན་མང་དུ་བསགས་ཏེ། ལྗང་ལོས་གཏིམས་ཤིང་སྐྱེ་སྟོབས་ཀྱི་དཔལ་ཀུན་ནས་འབར་བའི་ཁོར་ཡུག་དེ་ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་པར་མཚོན་པའི་ཚོས་གཞི་རུ་བསྒྱུར་ཐུབ་པ་བྱེད་དགོས།