ཟླ5ཚེས19ཉིན། ཞིང་ཆེན་ཡོངས་ཀྱི་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་སྒོ་འབྱེད་སློབ་གསོ་དང་ལྟ་སྐུལ་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྒོ་འབྱེད་སློབ་གསོའི་སྐོར་གྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། གནད་དོན་བཅོས་སྒྲིག་བཅོས་སྐྱོང་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། ལྟ་སྐུལ་པ་དང་ལས་ཞུགས་ཚོགས་སྤྱི་གསར་པའི་འཐུས་ཚབ་པའི་བསམ་འཆར་དང་གྲོས་གཞི་ལ་ཉན་ཞིང་། མི་འདང་སར་དབྱེ་ཞིབ་དང་བཅོས་སྒྱུར་བྱེད་ཐབས་ལ་ཞིབ་འཇུག་བྱས།
ཚོགས་འདུ་ལས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པ་དོན་གྱིས་སྒོ་འབྱེད་པ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཟབ་ཞུགས་བྱེད་པ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་། རང་འགུལ་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས། རིམ་པ་སོ་སོའི་ལྟ་སྐུལ་པས་རྒྱུན་རྣམ་ཅན་གྱིས་དམངས་ཀྱི་འདོད་བློ་འཚོལ་སྡུད་དང་། དངོས་ཐོག་བདེན་འཚོལ་གྱིས་མང་ཚོགས་ཀྱི་རེ་འདོད་ཚུར་སྣང་བྱས། ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་འཛིན་གྲྭས་མྱུར་དུ་གསེད་བཀྲོལ་བྱས་ཏེ་བསྒྲུབ་པ་དང་། གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྒོ་འབྱེད་སློབ་གསོ་དང་མང་ཚོགས་ལྟ་སྐུལ་ནི་སྲིད་འབྲས་ལྟ་བ་ཡོ་བསྲང་བྱེད་པའི་ཆེས་ཐད་ཀར་དང་ཆེས་ནུས་ལྡན་གྱི་བྱེད་ཐབས་ཡིན་པས། ངེས་པར་དུ་ཞིབ་འཛིན་གཏིང་འཛིན་དང་རྒྱུན་རྣམ་ཡུན་ཕན་བྱེད་དགོས། རིམ་པ་སོ་སོའི་ལྟ་སྐུལ་པས་ཁ་ཕྱོགས་ཡང་དག་དམ་འཛིན་དང་། ལྟ་སྐུལ་གྱི་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སྲིད་འབྲས་ལྟ་བ་ནོར་འཁྲུལ་ཅན་གྱི་གནད་དོན་ལ་དམིགས་ནས་ལྟ་སྐུལ་གྱི་ནུས་པ་སྦྱོང་བརྡར་བྱེད་དགོས། ལྟ་སྐུལ་གྱི་བྱེད་ཐབས་གསར་གཏོད་བྱས་ཏེ་དྲ་ཐོག་དྲ་ཕྱིའི་མཉམ་འགུལ་བྱེེད་པའི་ལྟ་སྐུལ་བརྒྱུད་ལམ་རྒྱ་བསྐྱེད་དགོས། སྲིད་ཇུས་སློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ་ལྟ་སྐུལ་གྱི་གནད་འཁེལ་ཚད་མཐོ་རུ་གཏོང་དགོས། རང་འགུལ་གྱིས་དྲིལ་སྒྲོག་ཁྲིད་སྟོན་སྤེལ་ཏེ་སྲིད་འབྲས་ལྟ་བ་ཡང་དག་གི་དྲིལ་སྒྲོག་པ་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྒྱུན་མཐུད་ངང་སྒོ་འབྱེད་སློབ་གསོ་ཇེ་ཟབ་ཏུ་གཏོང་བ་དང་། སྐོར་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ལག་བསྟར་བྱས་ཏེ་བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་དོན་དངོས་ལེགས་པོར་བསྒྲུབ་དགོས། རིམ་པ་སོ་སོའི་བྱ་བའི་ཆེད་དོན་འཛིན་གྲྭས་གནད་དོན་གདུབ་ཟུམ་ཐག་གཅོད་བྱེད་པ་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྗེད་འདེད་ཕན་འབྲས་ལ་ཤུགས་སྣོན་རྒྱག་པ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་སྟེང་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ལྟ་སྐུལ་པའི་འཐུས་མི་དང་། ལས་ཞུགས་གསར་པའི་ཚོགས་སྤྱིའི་འཐུས་མིས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གནད་དོན་ཁུངས་སྣེའི་སྒྲུབ་སྐུལ་གནས་ཚུལ་ཡར་ཞུ་བྱས་ཤིང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་འཛིན་གྲྭའི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།