ཞིང་ཆེན་ཚོང་དོན་ཐིང་གིས《“མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”གྱི་ཚོང་རྟགས་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》གཏན་འབེབས་དང་པར་འགྲེམ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5ཚེས14 ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས《“མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”གྱི་ཚོང་རྟགས་དོ་དམ་བྱེད་ཐབས(ཚོད་ལྟའི་བྱེད་ཐབས)》གཏན་འབེབས་དང་པར་འགྲེམ་བྱས། བྱ་ཐབས་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཟ་ཁང་ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་དང་། ཚོང་རྟགས་ཅན། ཐོན་ལས་ཅན་བཅས་འཛུགས་སྐྲུན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། ཚད་ལྡན་ཅན་གྱི་ཇུས་འགོད་ལ་བརྟེན་ནས་ཚོང་རྟགས་དོ་དམ་གྱི་དཀའ་གནད་སེལ་ཏེ།“མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”གསོ་སྐྱོང་དང་། ཁྱབ་སྤེལ། དོ་དམ། ཞབས་ཞུ་བཅས་མ་ལག་ལྡན་པའི་སྒོ་ནས་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་འདེགས་རྒྱ་བསྐྱེད་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱེད་པར་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས།

《བྱེད་ཐབས》འདི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་གནས་བསྐྲུན་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན། མཚོ་སྔོན་ཁྱིམ་ཚང་གསོལ་སྟོན་གྱི་ཚོང་རྟགས་འཛུགས་སྐྲུན་བྱེད་པ་ནི་མཐོ་སྒང་གི་མི་རིགས་མང་པོའི་བཟའ་བཏུང་རིག་གནས་རྒྱུན་འཛིན་དང་སྐྱེ་ཁམས་རྒྱུན་འཛིན་རྒྱུན་མཐུད་བྱེད་པའི་གལ་ཆེའི་རྟེན་གཞི་ཞིག་ཡིན་པ་མ་ཟད། ཞིང་ཕྱུགས་ལས་རིགས་རིམ་སྤོར་དང་། གྲོང་གསེབ་དར་རྒྱས་དང་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ཡུལ་གལ་ཆེན་ཞིག་ཀྱང་ཡིན། ཚོང་རྟགས་ཅན་གྱི་སྣེ་ཁྲིད་དང་ཚད་ལྡན་ཅན་གྱི་ནུས་པ་འདོན་སྤེལ་བྱེད་པ་ལ་བརྟེན་ནས། ཕྱུགས་ར་ནས་ཟས་ཅོག་བར་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་ནུས་ལྡན་ངང་ཤར་གཏོང་ཐུབ་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ། ནང་མཁོའི་སྦས་ཤུགས་དང་ས་ཁོངས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཁྱོན་ཡོངས་ནས་འཕེལ་བར་བྱས།

《བྱེད་ཐབས》དེར་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན་སུམ་ཅུ་ཡོད་ལ། ལམ་ལུགས་ཇུས་འགོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་དམིགས་འབེན་གནད་ལ་ཁེལ་བ་ཞིག་ཡིན། བདག་ཁོངས་དང་གོ་རིམ་གསལ་པོ་བྱས་ཏེ། ཚོང་རྟགས་ཀྱི་ཤེས་བྱའི་བདག་དབང་ཞིང་ཆེན་ཚོང་དོན་ཐིང་གིས་གཅིག་གྱུར་ཐོག་བདག་འཛིན་བྱེད་པ་དང་། “རང་མོས་སྒོས་རེ་ཞུ་བྱེད་པ་དང་། རིམ་པ་དབྱེ་ནས་ཞིབ་བཤེར་བྱེད་པ། ཞིང་ཆེན་རིམ་པས་གཏན་འཁེལ་བྱེད་པ། འགུལ་རྣམ་གྱིས་བདག་དབང་སྤྲོད་པ”བཅས་ཀྱི་ལམ་སྲོལ་ལག་བསྟར་བྱས་ཏེ།  “སྲིད་འཛིན་ཆོག་འཐུས་མི་བཟོ་བ་དང་། བཙན་ཤེད་ཀྱིས་ཞུགས་སུ་མི་འཇུག་པ། གྲོན་དངུལ་མི་བསྡུ་བ"བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཐེངས་གཅིག་ལ་བདག་དབང་སྤྲོད་ཡུན་ལོ་གཅིག་ལས་བརྒལ་མི་ཆོག  ཚད་གཞི་དང་འབྱུང་རྩ་ལ་ཤུགས་སྣོན་པ་དང་། 《མཚོ་སྔོན་ཁྱིམ་ཚང་གསོལ་སྟོན་ཞབས་ཞུའི་སྤྱིའི་ཁྲིད་སྟོན》གྱི་ཚོགས་པའི་ཚད་གཞི་དེ་ལག་རྩལ་གྱི་རྨང་གཞིར་བྱས་ཏེ།  བཟའ་བཅའ་འདེམས་སྤྱོད་དང་གཡོས་སྦྱོར། ཞབས་ཞུའི་གུས་སྲོལ་བཅས་ཚད་ལྡན་དུ་གཏོང་བ་དང་། མཁོ་སྤྲོད་འབྲེལ་ཐག་འོས་སྦྱོར་མིང་ཐོ་དང་རྒྱུད་རིམ་ཧྲིལ་པོའི་ཁུངས་འདེད་ལམ་སྲོལ་བཙུགས་ཏེ། ལྗང་མདོག་སྐྱེ་ལྡན་དང་ས་གནས་ཀྱི་སྤུས་ཚད་འགན་ལེན་གྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་ཡོད། མཉམ་འདྲེས་དང་མཉམ་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། ཁྱད་ཆོས་ལྡན་པའི་ཟས་རིགས་ཆེན་པོ་དྲུག་གི་མ་ལག་སྲ་བརྟན་དུ་གཏོང་བ།“ཁྱིམ་ཚང་གསོལ་སྟོན་དང་ཡུལ་སྐོར་ཟུང་འབྲེལ། ཁྱིམ་ཚང་གསོལ་སྟོན་དང་ཁམས་གསོ་ཟུང་འབྲེལ། ཁྱིམ་ཚང་གསོལ་སྟོན་དང་སློབ་སྦྱོང་ཟུང་འབྲེལ”བཅས་ཀྱི་འཛད་སྤྱོད་རྣམ་པ་གསར་པ་གསར་གཏོད་བྱས་ཏེ། “སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བྱེད་པ། ལས་རིགས་ཀྱིས་མཐུན་སྦྱོར་བྱེད་པ། སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པ"བཅས་ཀྱི་ལོ་རེའི་འགུལ་རྣམ་དཔྱད་དཔོག་དང་སྣ་མང་མཉམ་སྐྱོང་ལམ་སྲོལ་འཛུགས་པ་བཅས་བྱས་ཡོད།

“བྱེད་ཐབས”འགྲེམ་སྤེལ་བྱས་པ་ནས་ཉིན30ཡི་རྗེས་སུ་ཚོད་ལྟའི་ལག་བསྟར་བྱེད་རྒྱུ་ཡིན་ལ། ཚོད་ལྟའི་དུས་ཡུན་ལོ་གཉིས་ཡིན། ཚོད་ལྟའི་དུས་ཡུན་ནང་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་བྱེད་ཐབས་འདིའི་ལག་བསྟར་གནས་ཚུལ་ལ་གཞིགས་ནས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་། སྲིད་ཇུས་ཀྱི་བླང་བྱ། ཚོང་རྟགས་ཀྱི་འཕེལ་རྒྱས་དགོས་མཁོ་ལ་ཟུང་འབྲེལ་བྱས་ཏེ། འོས་འཚམས་ཀྱི་དུས་ཚོད་ནང་དཔྱད་དཔོག་རྩ་འཛུགས་དང་བཟོ་བཅོས་འཐུས་ཚང་དུ་གཏོང་རྒྱུ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།