ཟླ5པའི་ཚེས20ཉིན་གྱི་ཕྱི་དྲོར། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་མཚོ་སྔོན་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་ནས། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད》ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་བརྗོད་དོན་སྒྲོག་སྤེལ་བྱས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།
ལུའོ་ཏུང་ཁྲོན་གྱིས་བརྗོད་དོན་སྒྲོག་སྤེལ་སྐབས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ། མཚོ་སྔོན་འདི་ཉིད་ཐབས་ཇུས་གོ་གནས་སྤྱི་ཡོངས་རིམ་འཕར་གྱི་དུས་སྐབས་དང་། སྐྱེ་ཁམས་དགེ་མཚན་ཚུལ་སྒྱུར་གྱི་གནད་འགག་དུས་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་མཐོར་འདེགས་ཀྱི་དུས་སྐབས་སུ་སླེབས་ཡོད་པས། བྱ་བ་རླབས་ཆེན་བསྒྲུབ་ཐུབ་པ་དང་རྒྱལ་ཡོངས་སྤྱི་ཡོངས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་དུས་སྐབས་གལ་ཆེན་དུ་སླེབས་ཡོད། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཤིང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་འཐབ་ཇུས་དང་འཆར་འགོད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་ནན་མོ་བྱས་པ་དང་། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་ཚོར་ཡར་བརྩོན་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་བརྟན་པོར་བཏང་ཞིང་། བབ་བསྟུན་མདུན་སྐྱོད་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ལོ་རྒྱུས་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་བྱས་ལ། ཡིད་ཆེས་བརྟན་གཏོང་དང་གོ་གནས་བརྩོན་ལེན་ཁྲོད་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་བྱས་པ་དང་། ཡུལ་བབ་དང་བསྟུན་ཞིང་དངོས་བརྩོན་དངོས་གཉེར་ཁྲོད་ཐབས་ཇུས་ཀྱི་བྱེད་ཐབས་ལེགས་སྒྱུར་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་སྒྲིག་བཟོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་ཆེད་ལས་འགན་རི་མོ་དང་ལས་སྐྲུན་དཔེ་རིས་གཏན་འཁེལ་བྱས་ཡོད།
ལུའོ་ཏུང་ཁྲོན་གྱིས་ངོ་སྤྲོད་བྱས་དོན། རྩ་གནད་ལ་བསྡོམས་པས་ཁག་བཅུ་བཞི་དང་། ལེའུ་ང་དྲུག ཆེད་དམིགས་ལེ་ཚན་ཉེར་བཞི་བཅས་ཡོད་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་རྒྱལ་ཡོངས་དང་མཉམ་དུ་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བཅས་ཕྱོགས་གསུམ་གྱི་ཐད་འབད་པ་ཆེན་པོས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་ཐོག་མཐའ་བར་གསུམ་གྱི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྣེ་ཁྲིད་ནས། རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་སྔར་ལས་མཛེས་ཤིང་། སྐྱེ་ཁམས་རིན་ཐང་སྔར་ལས་མཐོ་བ། སྐྱེ་ཁམས་བཅོས་སྐྱོང་སྔར་ལས་ལེགས་སྒྱུར་བཅས་བྱེད་དགོས། ང་ཚོས་མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་དང་ནུས་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། ཐོག་མར་འཛམ་གླིང་རིམ་པའི་དེང་རབས་ཚྭ་མཚོའི་ཐོན་ལས་མ་ལག་བསྐྲུན་པ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་རྩ་བའི་ཆ་ནས་འགྲུབ་པར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཡུལ་སྐོར་དེ་ཞིང་ཆེན་ཡོངས་ཀྱི་སྲོག་ཤིང་ཐོན་ལས་སུ་འགྱུར་བར་བྱེད་པ། ཕྱོགས་ཡོངས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འགྲུབ་པར་བྱེད་པ་དང་། རྒྱལ་ཁབ་རིམ་པའི་ལྗང་མདོག་རྩིས་ནུས་རྟེན་གཞི་བསྐྲུན་ནས། ཐོན་ལས་ཀྱི་དགེ་མཚན་གསར་བ་དང་འཕར་སྣོན་གྱི་སྒུལ་ཤུགས་གསར་བ་མང་པོར་འགྲུབ་པར་བརྩོན་དགོས། ང་ཚོས་སྤུས་ཚད་མཐོ་བའི་ལས་ཞུགས་ལེགས་པོ་དང་། སྡོད་དམངས་ཀྱི་ཡོང་འབབ་འཕར་བ། སློབ་གསོ་སྨན་བཅོས། སྤྱི་བའི་ཞབས་ཞུ་སོགས་ལ་དམིགས་ནས། ཞན་ཆ་ཁ་གསབ་དང་རྨང་གཞི་སྲ་བརྟན། ཡུན་རིང་ལ་ཕན་པ་བཅས་བྱས་ཏེ། སེམས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སྒྱུར་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་ཚེ་སྲོག་བཞིན་གཅེས་འཛིན་བྱས་ཏེ། ཚད་གཞི་མཐོན་པོས་ཀྲུང་ཧྭ་མི་རིགས་ གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཞིང་ཆེན་འཛུགས་པ་དང་། ནུས་པ་ཡོད་རྒུས་མི་རིགས་དང་ཆོས་ལུགས་བྱ་བའི་མཚོ་སྔོན་གྱི་མ་དཔེ་བསྐྲུན་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་ཡིད་ལ་དམ་པོར་བཟུང་ནས། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། བཀའ་དྲིན་ཚོར་བ་དང་བརྩེ་སེམས་ཡོད་པ། དངོས་གཉེར་གཙོར་འཛིན་བཅས་བྱས་ཏེ། གོམ་པ་རིམ་བགྲོད་ཀྱིས་རྩ་གནད་འཆར་གཞི་དེ་མཛེས་སྡུག་གི་དངོས་ཡོད་དུ་བསྒྱུར་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭ་ཆུ་མཛོད་སྲུང་སྐྱོབ་མཁན་བཟང་པོ་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ཕན་འབྲས་ལེགས་པོ་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།
སྒྲོག་སྤེལ་ཚོགས་འདུའི་སྟེང་། ལུའོ་ཏུང་ཁྲོན་དང་། ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་། ཚེ་རིང་ཐར། ལིའོ་ཐའོ། ཁྲིན་ཅེ་ཝེ་བཅས་སོ་སོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པ། དམངས་འཚོག་ལེགས་སྒྱུར་དང་འགན་སྲུང་། ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། རོང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞི་བསྐྲུན་པ་སོགས་ཀྱི་ཕྱོགས་ནས་གསར་འགོད་པའི་དྲི་བར་ལན་བཏབ། མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོའི་གསར་འགྱུར་ཁང་། ཞང་ཀང་ཏཱ་ཀུང་ཝུན་ཧའེ་སྨྱན་བྱད་སྡེ་ཚོགས། ཧྥིན་ཧོང་བརྙན་འཕྲིན་སོགས་སྨྱན་བྱད་སུམ་ཅུ་ལྷག་གསར་འགྱུར་སྒྲོག་སྤེལ་ལ་ཞུགས།