ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་སྔ་རྗེས་སུ་པེ་ཅིང་དང་། ཧི་པེ། ནང་སོག་བཅས་སུ་རྩིས་ནུས་དྲ་བ་བཙུགས་པར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་དང་བཀོད་སྒྲིག་ལྟར་རྩེ་རིམ་ཇུས་འགོད་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བ་འཛུགས་སྐྲུན་དང་ལེགས་བསྡུས་ཞིབ་གཉེར་དང་ཆོད་ཆེའི་བེད་སྤྱོད་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྩོལ་དགོས།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་སྔ་རྗེས་སུ་པེ་ཅིང་དང་། ཧི་པེ། ནང་སོག་བཅས་སུ་རྩིས་ནུས་དྲ་བ་བཙུགས་པར་རྟོག་ཞིབ་མཛད། འདི་ནི་ཟླ5པའི་ཚེས17ཉིན། ཏིང་ཞུའེ་ཞང་གིས་ནང་སོག་གི་དྲ་མང་རྩིས་ནུས་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་ལས་སྟེགས་སུ་རྩིས་ནུས་སྒྲིག་བཀོད་ཀྱི་འཆར་འགོད་སྙན་ཞུར་གསན་བཞིན་པ་ཡིན།
པེ་ཅིང་མིས་བཟོས་རིག་ནུས་སྤྱི་པའི་རྩིས་ནུས་ལྟེ་གནས་དང་ནང་སོག་གི་དྲ་མང་རྩིས་ནུས་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་ལས་སྟེགས་སུ། ཏིང་ཞུའེ་ཞང་གིས་རྩིས་ནུས་སྒྲིག་བཀོད་ཀྱི་འཆར་འགོད་སྙན་ཞུར་གསན་ནས། རྩིས་ནུས་ཐོན་ཁུངས་བཀོད་གཏོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོང་གིས་བསྟན་དོན། རྩིས་ནུས་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། གཅིག་འདོམས་ཀྱིས་བཀོད་སྒྲིག་དང་རིམ་ལྡན་འཛུགས་སྐྲུན། མཁོ་སྤྲོད་འཚམ་སྒྲིག རྩིས་གློག་མཐུན་སྦྱོར་བཅས་ལ་དོ་སྣང་བྱས་ནས། རྒྱལ་ཡོངས་གཅིག་གྱུར་གྱི་དྲ་བ་གང་མགྱོགས་ཀྱིས་ཆགས་པར་བྱ་དགོས། རྩིས་ནུས་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཁ་ཐོར་གྱི་ཐོན་ཁུངས་སྡེབ་སྒྲིག་དང་བེད་སྤྱད་དེ། སྣ་མང་ཅན་གྱི་རྩིས་ནུས་དགོས་མཁོ་ནུས་ལྡན་ངང་སྐོང་དགོས། དེང་སྐབས་སྲོལ་རྒྱུན་སྣ་ཚོགས་དང་ཉེན་ཁ་གསར་པ་སྣོལ་མར་གནས་ཡོད་པས། སྒྲིག་བཀོད་དང་དཔེ་དབྱིབས། གཞི་གྲངས། དྲ་རྒྱའི་བདེ་འཇགས་བཅས་ཀྱི་འགོག་སྲུང་ནུས་པ་སྔར་ལས་ཆེ་རུ་བཏང་ནས། རྩིས་ནུས་མ་ལག་གི་སྤྱིའི་མཉེན་གཤིས་ཆེ་རུ་གཏོང་དགོས།
ཏིང་ཞུའེ་ཞང་ཀྲུང་གོའི་སྦྲེལ་འཕྲིན་ཧྭ་བྱང་གཞི་གྲངས་ལྟེ་གནས་དང་། ཀྲུང་གོའི་སྤོ་འགུལ་མཁར་སྔོན་པོ་རིག་རྩིས་ལྟེ་གནས། ཧི་ཧྥེ་རིག་རྩིས་མཁར་སྔོན་པོའི་རྟེན་གཞི་བཅས་སུ་ཕེབས་ཏེ། ཁེ་ལས་རྩིས་ནུས་དྲ་བ་འཛུགས་སྐྲུན་དང་བཀོལ་སྤྱོད་ནང་ཞུགས་པའི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། རང་རྒྱལ་གྱི་གཞི་གྲངས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་བཀོལ་སྤྱོད་ཀྱི་ཡུལ་རྣམ་རྒྱ་ཆེ་བས། དགེ་མཚན་འདི་དག་བེད་སྤྱོད་ཡག་པོ་བྱས་ཏེ། རྩིས་ནུས་སྒྲིག་བཀོད་འཛུགས་སྐྲུན་དང་དཔེ་དབྱིབས་རྩི་ཐབས་འཕེལ་རྒྱས། གཞི་གྲངས་ཐོན་ཁུངས་མཁོ་སྤྲོད་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། གྲངས་རིག་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་གཞི་གདན་བརྟན་པོ་འཛུགས་དགོས། རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱས་ནས། གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ལ། གནད་འགག་ལག་རྩལ་གྱི་དཀའ་གནད་གང་མགྱོགས་ཀྱིས་སེལ་བ་དང་། ཚད་གཞི་ཚད་ལྡན་གཏན་འབེབས་དང་འཐུས་ཚང་དུ་བཏང་སྟེ། རྒྱལ་ཐོན་མཉེན་ཆས་དང་མཁྲེགས་ཆས“བེད་སྤྱོད་ཆོག་པ”ནས“སྤྱོད་གོ་ཆོད་པའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་ནས། ཚོང་རའི་དགོས་མཁོར་ཕྱོགས་པ་རྒྱུན་འཁྱོངས་དང་། ཞབས་ཞུའི་རྣམ་པ་གསར་གཏོད་བཅས་བྱས་ཏེ། རྩིས་ནུས་ཀྱི་སྤུས་འདེགས་ཕན་སྐྱེད་དང་ཀུན་ཕན་སྤྱོད་བདེ་ཡོང་བར་སྐུལ་སྤེལ་གཏོང་དགོས།
ནང་སོག་གི་མཛེས་ལྗོངས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ལྗང་མདོག་གློག་ཤུགས་ཀྱིས་བསྡུར་ཚད་མཐོན་པོ་བཟུང་ཡོད། ཏིང་ཞུའེ་ཞང་ནང་སོག་གློག་ཤུགས་སྡེ་ཚོགས་དང་ཀྲུང་ཅིན་གཞི་གྲངས་ཝུའུ་ལན་ཁྲ་པུའུ་ཐཱན་མེད་རྩིས་ནུས་རྟེན་གཞིར་ཕེབས་ནས། རྩིས་གློག་མཐུན་སྦྱོར་དང་ཐཱན་ཉུང་རྩིས་ནུས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། རྩིས་ནུས་ཀྱི་གློག་སྤྱོད་དགོས་མཁོ་མགྱོགས་མྱུར་ངང་འཕར་བས་ནུས་ཁུངས་མཁོ་སྤྲོད་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད་པས། ནུས་ཁུངས་ཐོན་ཁུངས་བགོ་སྒྲིག་དང་རྩིས་ནུས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་འདོམས་བྱ་དགོས་པ་དང་། གློག་ལ་བརྟེན་ནས་རྩིས་ནུས་སྟོབས་ཆེར་གཏོང་བ་དང་རྩིས་ནུས་ལ་བརྟེན་ནས་གློག་ལ་སྐུལ་སྤེལ་བྱེད་དགོས། “ཁུངས་དྲ་ཐེག་གསོག”གི་གློག་ཤུགས་མ་ལག་གི་རྣམ་པ་གསར་པ་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལྗང་གློག་ཐད་སྦྲེལ་ལ་སྐུལ་འདེད་གཏོང་བར་འཚོལ་ཞིབ་བྱས་ནས་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་ཁྱབ་གདལ་གཏོང་དགོས། རིག་ལྡན་ནུས་ཁུངས་དོ་དམ་ལ་ཤུགས་སྣོན་པ་དང་། གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བ་འཕེལ་རྒྱས་སུ་གཏོང་བའི་ལྗང་མདོག་གི་གཞི་གདན་ཇེ་མཐུག་ཏུ་གཏོང་དགོས། ད་ལོ་ནས་བཟུང་རྒྱལ་སྤྱིའི་ནུས་ཁུངས་ཚོང་རར་འཕར་ཆག་ཆེ་ཙམ་བྱུང་སྟེ། རྒྱལ་ནང་གི་ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ལེགས་པོར་སྒྲུབ་སྟེ། ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་ནུས་ཁུངས་སྤྱོད་པའི་དགོས་མཁོ་བསྐངས་ནས་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།