
ཟླ5པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་པེ་ཅིང་དུ2026ལོའི་འཛམ་གླིང་ཉོ་ཚོང་དངུལ་འཇོག་སྐུལ་སྤེལ་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཟླ5པའི་ཚེས18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་པེ་ཅིང་དུ2026ལོའི་འཛམ་གླིང་ཉོ་ཚོང་དངུལ་འཇོག་སྐུལ་སྤེལ་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཧན་ཀྲེང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་གྱུར་ནས། འཛམ་གླིང་གི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་ལ་རྡབ་ཤུགས་ཚབས་ཆེན་ཐེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕང་གིས་བསྟན་དོན། ཉེན་ཁ་དང་འགྲན་སློང་ལ་ཐུག་སྐབས། རྒྱལ་ཁབ་གང་ཞིག་ཡིན་རུང་རང་གཅིག་པུས་རང་སྲུང་བྱེད་མི་ཐུབ་པ་དང་། མཐུན་སྒྲིལ་མཉམ་ལས་དང་སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས་བྱ་རྒྱུ་ནི་བགྲོད་ལམ་ཡང་དག་ཅིག་ཡིན། ང་ཚོས་ཡིད་ཆེས་བརྟན་པོ་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས་པ་དང་། གོ་སྐབས་གསར་པ་སྟངས་འཛིན་དང་འགྲན་སློང་གསར་པར་ཁ་གཏད་ནུས་ལྡན་འཇལ་ནས། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་ཐོག་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་དགོས།
ཧན་ཀྲེང་གིས་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནི་ཐུན་མོང་ཐོག་སྒོ་འབྱེད་མཉམ་ལས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཁོར་ཡུག་བསྐྲུན་དགོས་པ་དང་། ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་མཉམ་ལས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱ་དགོས་པ་དང་། འཛམ་གླིང་གི་ཉོ་ཚོང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་དགོས། གཉིས་ནི་ཐུན་མོང་ཐོག་གསར་གཏོད་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་གཏོད་དགོས་པ་དང་། ལག་རྩལ་གསར་པའི་སྒུལ་ཤུགས་དང་ནུས་སྩོལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས། གསུམ་ནི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་མཉེན་གཤིས་ཐུན་མོང་ཐོག་ཆེ་རུ་བཏང་ནས། ཐོན་ལས་མཐུན་སྦྱོར་དང་། ལག་རྩལ་སྤེལ་རེས། ཚད་གཞི་འབྲེལ་མཐུད་བཅས་ལ་ཤུགས་སྣོན་དགོས། བཞི་ནི་ཐུན་མོང་ཐོག་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་མ་ལག་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་བཅོས་སྐྱོང་གི་གྲོས་འགོ་དོན་འཁྱོལ་ཧུར་ཐག་བྱེད་དགོས་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བར་བྱེད་པ་དང་སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
ཧན་ཀྲེང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་དེ། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་ཚོང་རར་མུ་མཐུད་ཟབ་ཞུགས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
འཛམ་གླིང་ཉོ་ཚོང་དངུལ་འཇོག་སྐུལ་སྤེལ་རྩེ་ཚོགས་དེ་ཀྲུང་གོ་ཉོ་ཚོང་སྐུལ་སྤེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། བསྟུད་མར་སྐབས་ལྔ་གཉེར་ཡོད། སྐབས་འདིའི་རྩེ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“གསར་གཏོད་ལ་ཕྱོགས་ཏེ་མ་འོངས་སྦྲེལ་མཐུད་བྱེད”ཅེས་པ་དེ་ཡིན་ཞིང་། ཕྱི་རྒྱལ་གྱི་སྲིད་གཞུང་སྡེ་ཁག་དང་། རྒྱལ་སྤྱིའི་རྩ་འཛུགས། དཔལ་འབྱོར་སྒྲིག་གཞི། ཕྱི་རྒྱལ་གྱི་ཚོང་པའི་མཐུན་ཚོགས། འཛམ་གླིང་ཉོ་ཚོང་སྐུལ་སྤེལ་སྒྲིག་གཞི་བཅས་དང་། དེ་བཞིན་ཀྲུང་ཕྱིའི་ཁེ་ལས་སོགས་ཀྱི་འཐུས་ཚབ800ལྷག་ཚོགས་འདུར་ཞུགས་ཡོད།
འགོ་རྩོམ་མཛད་སྒོའི་སྔོན་ལ། ཧན་ཀྲེང་གིས་བྱེད་སྒོར་ཞུགས་མཁན་སི་ཕེན་གྱི་དབུ་བློན་གཞོན་པ་གཉིས་པའམ་ངལ་རྩོལ་དང་སྤྱི་ཚོགས་དཔལ་འབྱོར་གྱི་བློན་ཆེན་ཏི་ཡ་སི་དང་མཇལ་འཕྲད་གནང་།