རྨ་ཀླུང་ཕྱུག་མོས་ཁྲི་ཀའི་ཡུལ་གྱི་མང་ཚོགས་ལ་ཁེ་ཕན་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྨ་ཀླུང་ཕྱུག་མོས་ཁྲི་ཀའི་ཡུལ་གྱི་མང་ཚོགས་ལ་ཁེ་ཕན་བསྐྲུན།

——《རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་གཏམ་རྒྱུདཅེས་པའི་མུ་འབྲེལ་གསར་འགྱུར་ལས་ཁག་གཉིས་པ།

གསར་འགོད་པ། ལྷ་ཆེན་རྒྱལ། ཁོན་ཐར་འཚོ། གཡང་སྐྱིད།

 

“ང་ཚོའི་སྡེ་བས‘རྨ་ཆུའི་ཁེ་ཕན’རག་ཐུབ་དགོས”། རྨ་ཆུའི་འགྲམ་ངོགས་སུ་ཆགས་པའི་སྡེ་བ་དཀྱུས་མ་ཞིག་ཞིང་ཆེན་རིམ་པའི་འཕྲོད་བསྟེན་སྡེ་བ་དང་རྫོང་རིམ་པའི་ཕུལ་བྱུང་ཏང་ཀྲི་པུའུ་སོགས་གཟི་བརྗིད་སྡེ་བའི་མཚན་བཟང་བརྩོན་ལེན་མཁན་ཧུའུ་ཧའེ་དབྱིང་གིས་བཤད་རྒྱུར། ང་ཚོས་རྨ་ཀླུང་སྔོན་མོར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐད་ལ་བསམ་བློ་གཏོང་བཞིན་ཡོད་ཟེར།

ཁྲི་ཀའི་རྨ་ཀླུང་ཕྱུག་མོ།

ངེད་དྲ་བའི་བཅར་འདྲི་ཚོགས་པ་རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་བཅར་འདྲིར་བསྐྱོད། རྨ་ཀླུང་སྔོན་མོ་ཚལ་རྔ་འགག་དང་སུམ་པ་འགག་བརྒྱུད་དེ་ཤར་ནས་ནུབ་ཏུ་རྒྱུ་བཞིན་ཡོད། གནས་འདིར་འཇམ་ཅག་གེར་འབབ་པའི་ལྗང་མདོག་གི་རྨ་ཆུ་དང་ངོགས་གཉིས་ཀྱི་ཏན་ཞ་ས་གཤིས། ད་དུང་ལི་ཤིང་མེ་ཏོག་བཅས་ཀྱིས་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་གི་བཀོད་པ་ཞིག་ལྷུན་གྱིས་གྲུབ་ཡོད།

“སྣོད་བཅུད་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ‘རྨ་ཆུ’ལ་བརྟེན་ནས་ཡོང་འབབ་རག་པ”ནི་ངོགས་ཀྱི་མི་སེར་ཚོའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་སྣང་། རྨ་ནུབ་གྲོང་རྡལ་ཚེ་ཐང་སྡེ་བ་ནི་རྨ་ཆུའི་ཁེ་ཕན་རག་བཞིན་པའི་སྡེ་བའི་གྲས་ཀྱི་གཅིག་ཡིན། ཤེས་རྟོགས་བྱུང་བ་ལྟར་ན། རྨ་ཆུའི་འགྲམ་ངོགས་སུ“སྣོད་བཅུད་ཀྱི་ཡོང་འབབ”འཚོལ་སྐབས་ཆུ་བོ་གཙང་སེལ་བྱེད་དགོས་པ་ཕུད་སྔར་བས་བཅོས་སྐྱོང་བྱེད་དགོས།

ཚེ་ཐང་སྡེ་བའི་ཏང་རྩ་འཛུགས་ཀྱི་དམངས་ཕན་ཞབས་ཞུ་ཚོམས་ཆེན་དུ་ལས་དོན་མི་སྣས་སྡེ་མིར་སྨན་བཅོས་འགན་ལེན་སྲིད་ཇུས་འགྲེལ་བཤད་རྒྱག་བཞིན་པའི་ཚུལ།

“གནས་འདི་རུ་རྨ་ཆུ་མཛེས་ཤིང་ཡུལ་སྐོར་པ་མང་པོ་ཡོད་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་མེད་ཚེ། ཐོན་ཁུངས་ཅི་འདྲ་བཟང་བོ་ཡོད་ཀྱང་དེ་ལྟར་སོར་གནས་སུ་འཇོག་པ་ལས་ཐབས་ཅི”། ཧུའུ་ཧའེ་དབྱིང་གིས་བཤད་རྒྱུར། 2019ལོར། ཚེ་ཐང་སྡེ་བ་ནི་ཉམས་ཞན་གྱི་སྡེ་བ་ཞིག་ཡིན། སྡེ་བའི་ལས་བྱེད་པ་ལ་ལས་ལས་གནས་དགོངས་ཞུ་བྱས་ཤིང་ལ་ལ་གནས་དབྱུང་བཏང་སྟབས། སྡེ་མིའི་ཨུ་ཡོན་ལྷན་ཁང་དུ་ཀྲུའུ་རེན་དང་སྡེ་བའི་ལས་བྱེད་པ་གཅིག་ལས་ལྷག་མེད། སྡེ་བས་མཉམ་ཏུ“རྨ་ཆུའི་ཁེ་ཕན”རག་རྒྱུ་ཕར་ཞོག་ཐ་ན་གཞི་རྩའི་འཁོར་སྐྱོད་ཀྱང་གནོན་ཤུགས་ལ་འཕྲད་ཡོད་ཟེར།

འཕོ་འགྱུར་བྱུང་བའི་ལོ་དེ་ནི2020ལོ་ཡིན། ཚེ་ཐང་སྡེ་བར་མནའ་མར་འོང་བའི་ཧུའུ་ཧའེ་དབྱིང་ནི་སྡེ་བའི་ནང་མང་པོ་མེད་པའི་ཆེད་སྦྱོང་སློབ་མ་ཞིག་ཡིན། ཁོ་མོས་རྫོང་མཁར་དུ་ཟ་ཁང་གཉེར་ནས་ཡོང་སྒོའང་ཕྲན་བུ་ཞིག་ལག་སོན་བྱུང་བ་རེད། ཆ་རྐྱེན་དེ་དག་ལ་བརྟེན་ནས་སྡེ་བའི“ཨུ་ལྷན་གཉིས”ཀྱི་འདེམས་སྐོའི་ཁྲོད་མོར་འདེམས་ཤོག་མང་པོ་ཐོབ་ནས་བདམས་ཐོན་བྱུང་།

ཚེ་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧུའུ་ཧའེ་དབྱིང་གིས“ཆ་བསགས་སྒོ་རྩིས་ཚོང་ཁང”གི་བྱ་དགའ་ལེགས་སྒྲིག་བྱེད་བཞིན་པའི་ཚུལ།

ཚང་མས་འདེམས་ཤོག་འཕངས་ནས་མོ་བདམས་ཀྱང་སྡེ་མི་ཚོའི་མོར་ཡིད་ཆེས་ཀྱིན་མེད། ཁོང་ཚོས་ད་དུང“ཕྱི་ཡོང་མནའ་མ་ཞིག་གིས་སྡེ་བར་བདག་སྐྱོང་ཐུབ་བམ”ཞེས་ལྐོག་ལབ་བྱེད་བཞིན་ཡོད། སྐབས་དེར་ནང་མིས་ཀྱང་མོར“ལས་དེ་མ་སྒྲུབས”ཞེས་ཁ་ཏ་གནང་བྱུང་།

འགྲན་སློང་དང་གནོན་ཤུགས་ཧ་ཅང་ཆེ་ནའང་དེ་དག་གིས་ཧུའུ་ཧའེ་དབྱིང་གི་བསམ་བློར་གཡོ་འགུལ་ཐེབས་རྒྱུ་ཕར་ཞོག་ལྷག་ཏུ་མོར་བློ་སྟོབས་འཕེལ་ཏུ་བཅུག ཧུའུ་ཧའེ་དབྱིང་གིས་བཤད་རྒྱུར། “ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ”ཞེས་པའི་དཔེ་ལྟར་མང་ཚོགས་ལ་མིག་དཔེ་སྟོན་རྒྱུ་དེ་ཤིན་ཏུ་གལ་ཆེ་ཟེར།

མི་སེམས་བསྡུ་བར་སྔོན་ལ་སྙིང་སྟོབས་དང་གསོན་ཤུགས་བསྐྱེད་དགོས། སྡེ་བའི་ཧྲུའུ་ཅིར་བསྡད་རྗེས་ཧུའུ་ཧའེ་དབྱིང་གིས་ཐོག་མར་མི་སྡོད་སའི་ཁོར་ཡུག་བཅོས་སྐྱོང་བྱས་ནས་གད་སྙིགས་མང་པོ་གཙང་སེལ་བྱས་ཏེ། ཁྱིམ་ཚང་གི་གྱང་བརྡིབས་པ་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ལྕགས་ར་འགྱེལ་བ་མཐོང་ན་མི་སྣ་སྒྲིག་འཛུགས་བྱས་ནས་ཞིག་གསོ་བྱེད་དུ་འཇུག་པ་དང་། སྡེ་བའི་ལམ་ལ་གཏོར་སྐྱོན་ཕོག་ཡོད་པ་གྲོང་རྡལ་དང་རྫོང་དུ་སོང་ནས་ལས་གཞི་བརྩོན་ལེན་བྱས་པ་བརྒྱུད་སྡེ་བའི་སྣང་བརྙན་གཙང་ཞིང་གྲ་དག་ཅིག་ཏུ་གྱུར་ཡོད།

ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ཚེ་ཐང་སྡེ་བའི་མཛེས་ལྗོངས།

སྤྱི་ལེ5.4ཡི་སྣུམ་ལམ་དང་སྨི4700ཡོད་པའི་ཆུ་རྐ་བསྐྲུན་པ་དང་། ཁྱིམ་ཚང60ཡི་སྡོད་ཁང་དང་ཁྱམས་ར་སྒྱུར་བཟོ་བྱས་པ་བརྒྱུད་སྡེ་མིའི་རྣམ་འགྱུར་ཡང་ཇེ་བཟང་དུ་སོང་སྟེ། སྡེ་མི་ཁ་ཅིག་གིས“བུ་མོ་འདི་ངར་བ་རེད”ཅེས་བསྟོད་བསྔགས་གནང་བཞིན་འདུག

རྨང་གཞི་དེ་ཡོད་སྟབས་ཧུའུ་ཧའེ་དབྱིང་གིས་ཡང་བསྐྱར་སྡེ་བའི་འཕེལ་རྒྱས་ཐད་བསམ་བློ་གཏོང་བཞིན། མོས་མཉམ་ལས་ཁང་འཛུགས་རྒྱུ་དར་སྤེལ་དང་། མ་དངུལ་མེད་ཚེ་སྒེར་གྱི་ཁང་པ་གཏའ་མར་བཞག་ནས་སྒོར་ཁྲི30ཡི་དངུལ་བུན་བླངས། ཡིན་ནའང་མོའི་དངུལ་བུན་ཁོ་ནས་ལས་ཆོད་དམའ་སྟབས་ཅང་སུའུ་རོགས་སྐྲུན་མ་དངུལ་སྒོར་ཁྲི100བརྩོན་ལེན་བྱས་ཏེ། བརྔ་བསྡུ་འཕྲུལ་འཁོར་དང་འདྲུད་འཐེན་འཁོར་ལོ་སོགས་ཞིང་ལས་འཕྲུལ་འཁོར7ཉོས། དེ་ནས་ལོ་གཅིག་གི་ནང་སྡེ་བའི་བེད་མེད་ས་ཞིང་གཅིག་སྡུད་ཐོག་གཞི་ཁྱོན་ཅན་གྱི་རྨོ་འདེབས་བྱས་པ་དང་སྡེ་མི་ཚོས་ཀྱང་ལས་ཀར་བསྐྱོད་དེ་ནུས་ཤུགས་བཏོན།

ཁྲི་ཀའི་ཏན་ཞ་ས་གཤིས་སྤྱི་གླིང་།

ད་ལྟ་སྡེ་བ་ཡོངས་ལ་ཁྱིམ་ཚང110དང་མི498ཡོད་ཅིང་། དེའི་ཁྲོད་ཁྱིམ་ཚང98དང་སྡེ་མི330མཉམ་ལས་ཁང་དུ་ཞུགས་ཡོད། ས་ཞིང་རྨོས་རྗེས་གཞི་ཁྱོན་ཅན་གྱི་མ་རྨོས་ལོ་ཏོག་དང་པད་ཁ་འདེབས་འཛུགས་བྱས་ཏེ། སྡེ་བའི་ཐུན་མོང་གི་དཔལ་འབྱོར་སྒོར0ནས2025ལོར་སྒོར་ཁྲི133.32ལ་འཕར། སྡེ་བའི་མཉམ་ལས་ཁང་གི་མ་རྐང་འཇོག་མཁན278ཀྱི་སྨན་བཅོས་འགན་དངུལ་སྒོར་ཁྲི10.88ཚབ་སྤྲོད་བྱས་པ་དང་། མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་དང་མཐའ་མཚམས་ཀྱི་ཁྱིམ་ཚང་ལ་དམིགས་བསལ་གྱིས་ལས་ཞུགས་གོ་སྐབས་ཐོབ། སྡེ་མི་མཱ་པའོ་ཆིང་གིས་འདི་སྐད། “ཁྱོད་ཀྱིས་ངའི་གྱང་གསར་བ་འདིར་ལྟོས་དང་། ན་ནིང་དྲག་ཆར་བབས་ནས་གྱང་རྙིང་བརྡིབས་རྗེས་སྡེ་བའི་མཉམ་སྡེབ་ཀྱིས་འཕྲལ་མར་སྒོར་ཁྲི1ལྷག་གིས་ཉམས་གསོ་བྱས། སྡེ་བའི་ཨུ་ལྷན་གྱིས་མང་ཚོགས་ཀྱི་དཀའ་ངལ་དངོས་ནས་སེམས་ལ་བཟུང་འདུག ”ཟེར།

རྨ་ཀླུང་ཕྱུག་མོ་ལྷུང་ལྷུང་རྒྱུ།

“རྨོ་འདེབས་ཁོ་ནར་བརྟེན་ན་ཕྱུག་པོར་འགྱུར་ག་ལ་ཐུབ” ཧུའུ་ཧའེ་དབྱིང་གིས་འདི་སྐད། རྨ་ཆུའི་ཆུ་ལག་ཚེ་ཐང་སྡེ་བ་དང་འབྲེལ་ཡོད་ཅིང་མིག་སྔར་ཆུ་ལམ་བཅོས་སྐྱོང་བྱེད་སྒང་ཡིན། སྡེ་བར་ཀུང་སི་བཙུགས་མ་ཐག་ཡིན་པ་དང་རྨ་འགྲམ་དུ་རོང་ཁྱིམ་སྤྲོ་གསེང་གླིང་ཞིག་བསྐྲུན་འཆར་ཡོད་ཟེར།

བཅོས་སྐྱོང་བྱེད་བཞིན་པའི་རྨ་ནུབ་ཀྱི་ཚེ་ཐང་སྡེ་བའི་ལམ་དུམ་སྔར་བཞིན་སོ་ན་གནས་ཀྱང་ཤར་ངོས་ཀྱི་འདམ་ར་ཆུང་ཆུང་དེའི་ཐོག་མའི་གཞི་ཁྱོན་ཅུང་ལེགས་འགྲུབ་བྱས། དེ་ནི་ཚེ་ཐང་སྡེ་བའི་འབྱུང་འགྱུར་གྱི་རེ་སྨོན་བྱ་ཡུལ་ཞིག་ཡིན་ནོ།།

རྨ་ཡུལ་ཁྲི་ཀའི་ལི་ཤིང་མེ་ཏོག

བཅར་འདྲི་ཚོགས་པ་ཚེ་ཐང་སྡེ་བ་དང་བྲལ་ནས་ཕྱིར་ཁྲི་ཀ་རྫོང་གི་རྨ་འགྲམ་དུ་ལོག་སྐབས། རྨ་ཀླུང་ཕྱུག་མོ་དལ་བར་རྒྱུ་ཞིང་ཕྱོགས་བཞིའི་མགྲོན་པོའི་ཡིད་དབང་བཀུག་འདུག རྨ་ངོགས་སུ་ཟས་རིགས་སྣ་ཚོགས་བཤམས་ཡོད་པ་དང་བྱིས་པ་དག་བྱེ་ཐང་གི་རྩེད་རའི་ནང་སྤྲོ་དགའ་ལ་གཡེང་འདུག ལི་ཤིང་འོག་ཏུ་རས་གུར་གྱི་སྒར་བཏབ་ནས་གྲོགས་པོ་མཉམ་འཛོམས་ཀྱི་གླིང་ག་གཏོང་བཞིན་ཡོད། 

གཟིགས་དང་། འདི་ནི་རྨ་ཀླུང་སྔོན་མོས་མི་དམངས་ལ་བསྩལ་པའི་བདེ་སྐྱིད་རེད། བདེ་སྐྱིད་དེ་ལོངས་སུ་སྤྱོད་པར་ད་དུང་སྐྱེ་ཁམས་སྲུང་སྐྱོབ་གཙོར་བཟུང་སྟེ་བཅོས་སྐྱོང་ལེགས་པོ་བྱ་རྒྱུ་ནི་འདོར་དུ་མེད་པའི་འགན་འཁྲི་ཞིག་ཡིན་ནོ།།

ཁྲི་ཀའི་ཏན་ཞ་ས་གཤིས་སྤྱི་གླིང་གི་ཟུར་ཞིག

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།