མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་དང་བླངས་པ་གྲོང་གསེབ་ཏུ་བསྐྱོད་དེ་རིག་གནས་དམངས་ཕན་གྱི་ལས་ཀ་བསྒྲུབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

2026ལོའི“ལྔ་པའི་ཚེས་བཅོ་བརྒྱད་ཀྱི་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོ”བསུ་ཆེད། “འཛམ་གླིང་གི་སྦྲེལ་ཟམ་སྟེ་དངོས་མང་བཤམས་སྟོན་ཁང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། དངོས་མང་བཤམས་སྟོན་ཁང་གི་སྤྱི་ཚོགས་སློབ་གསོའི་འགན་ནུས་འདོན་སྤེལ་བྱེད་པ་དང་། དང་བླངས་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཟླ5 པའི་ཚེས15 ཉིན་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་དང་བླངས་པའི་རུ་ཁག་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝེ་ཡོན་གྲོང་རྡལ་ཧོང་ཡ་སྡེ་བ་རུ་བསྐྱོད་དེ། དང་བླངས་པ་གྲོང་གསེབ་ཏུ་སྐྱོད་པའི་བྱེད་སྒོ་སྤེལ་བ་དང་། ཁྱོན་བསྡོམས་སྡེ་མི30 བྱེད་སྒོར་ཞུགས།

བྱེད་སྒོའི་ཡུལ་དངོས་སུ་རིག་དངོས་ཤེས་བྱའི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་ལ། དང་བླངས་པ་ཚོས་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། དངོས་མང་བཤམས་སྟོན་ཁང་དང་འབྲེལ་བའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ས་གནས་ཀྱི་རྫ་གླིང་རིག་དངོས་ཀྱི་ནང་དོན་འགྲེལ་བཤད་བྱེད་པ། གནའ་ཤུལ་དང་སྲོལ་རྒྱུན་གྱི་བཟོ་བཀོད་རྙིང་པ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ནང་དོན་ཁྱབ་གདལ་གཏོང་བ། ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པ་སོགས་ལ་བརྟེན་ནས་ས་གནས་ཀྱི་རིག་གནས་སྲུང་སྐྱོབ་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་རེད། བྱེད་སྒོ་ལས་དུས་མཉམ་དུ་བདེ་ཐང་དྲིལ་སྒྲོག་ཞབས་ཞུ་སྤེལ་བ་དང་། སྨན་བཅོས་ལས་རིགས་ཀྱི་དང་བླངས་པས་རིན་མེད་སྒོས་སྡེ་མིར་ཁྲག་ཤེད་བརྟག་དཔྱད་བྱས་ཏེ། ཁྲག་ཤེད་མཐོ་བ་དང་། ཁྲག་ཚིལ་མཐོ་བ། ཁྲག་གི་མངར་ཚད་མཐོ་བ་བཅས་ཀྱི་བདེ་ཐང་ཤེས་བྱ་སྒྲོག་བཤད་བྱས་པ་དང་། ནད་རིགས་འགོག་སྡོམ་གྱི་གནད་འགག་དང་བདེ་ཐང་གི་འཚོ་བའི་འབྲེལ་ཡོད་རྒྱུན་ཤེས་ཁྱབ་གདལ་བཏང་། བྱེད་སྒོ་ལས་གཞོན་ནུ་ལོ་ཆུང་གིས་རིག་དངོས་བཤམས་སྟོན་ལ་འགྲེལ་བཤད་རྒྱག་པའི་ཚན་པ་བཀོད་སྒྲིག་བྱས་པ་དང་། དང་བླངས་པ་ཆུང་ཆུང་ཚོས་བཤམས་སྟོན་ཁང་གི་རིག་དངོས་པར་རིས་ལ་བརྟེན་ནས་བྱིས་པའི་ལྟ་ཕྱོགས་ཀྱིས་རིག་དངོས་བཤམས་སྟོན་ཁང་གི་གཏམ་རྒྱུད་བཤད་པར་བརྟེན་ནས། རིག་གནས་རྒྱུན་འཛིན་གྱི་འདུ་ཤེས་ཁྱབ་སྤེལ་བྱས། བྱེད་སྒོའི་མཇུག་ཏུ་དང་བླངས་པས་སྡེ་མི་རྣམས་ལ་ཚ་དེམ་སོགས་འཚོ་བའི་དངོས་ཟོག་བྱིན་ཏེ། དོན་དན་གྱིས་དངོས་མང་བཤམས་སྟོན་གྱི་དྲོད་ཁོལ་དང་དམངས་ཕན་ཞབས་ཞུ་མང་ཚོགས་ཀྱི་གམ་དུ་བསྐྱལ་བ་རེད།

ཐེངས་འདིའི་བྱེད་སྒོ་རུ་རིག་དངོས་ཚན་རིག་ཁྱབ་གདལ་དང་། བདེ་ཐང་འོས་འགན་སྨན་བཅོས། ན་གཞོན་གྱི་སྒྲོག་བཤད། བརྩེ་བའི་འཚམས་འདྲི་བཅས་གཞི་གཅིག་ཏུ་བྱས་ཏེ། དངོས་མང་བཤམས་སྟོན་ཁང་གི"ནང་འདྲེན་དང་ཕྱིར་སྐྱོད"ཀྱི་ཞབས་ཞུའི་འདུ་ཤེས་ལག་བསྟར་བྱས་ཏེ། གྲོང་གསེབ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དངོས་མང་བཤམས་སྟོན་ཁང་གི་སྤྱི་ཚོགས་སློབ་གསོའི་འགན་ནུས་གཞི་རིམ་ལ་ཁྱབ་སྤེལ་གཏོང་བར་སྐུལ་འདེད་བཏང་ཡོད། དང་བླངས་པ་གྲོང་གསེབ་ཀྱི་ཡུལ་དངོས་དང་པོར་བསྐྱོད་དེ་གཞི་རིམ་གྱི་རིག་གནས་དང་དམངས་འཚོའི་དགོས་མཁོར་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། སྡེ་མིས་རིག་དངོས་བཤམས་སྟོན་ལས་དོན་དང་དང་བླངས་ཞབས་ཞུའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། རིག་གནས་ཁྱབ་སྤེལ་དང་སྤྱི་ཕན་ཞབས་ཞུའི་བྱ་སྤྱོད་རང་རྟོགས་ཇེ་བརྟན་དུ་བཏང་ཡོད།

མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་དང་བླངས་རུ་ཁག་ནི2018ལོར་བཙུགས་པ་དང་། དུས་ཡུན་རིང་བོར་རིག་གནས་བརྒྱུད་སྒྲོག་དང་དང་བླངས་ཞབས་ཞུའི་བྱ་བ་བསྒྲུབས་ཡོད། ཐེངས་འདིའི་བྱེད་སྒོ་ནི་རུ་ཁག་འདི་ཐེངས་དང་པོར་གྲོང་གསེབ་ཏུ་བསྐྱོད་ནས་ཆེད་དོན་དང་བླངས་ཞབས་ཞུ་སྤེལ་བ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།