རྒྱལ་ཡོངས་མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་སྐྱོབ་བཅོས་ལྟེ་གནས་ཐོག་མའི་ཚད་ལྡན་འཛུགས་སྐྲུན་ཡོངས་བསྒྲགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། མཐོ་སྒང་གསོ་རིག་ཆེད་མཁས་པ་ཝུའུ་ཐེན་དབྱི་ཡི་མཛུབ་ཁྲིད་ཞིབ་མོའི་འོག ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་རྒྱལ་ཡོངས་མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་སྐྱོབ་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་ཚད་གཞི་ཐོག་མ་སྟེ《མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་སྐྱོབ་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་ཚད་གཞི》བཟོས་པ་མ་ཟད་ཁྱབ་བསྒྲགས་བྱས། དེས་རང་ཞིང་གི་མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་སྐྱོབ་བཅོས་ཐད་འཕེལ་རྒྱས་གལ་ཆེན་བྱུང་བ་དང་། རྒྱལ་ཡོངས་ཀྱི་མཐོ་སྒང་ས་ཁུལ་གྱི་མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་སྔོན་འཇོག་ཚོད་འཛིན་དང་སྐྱོབ་བཅོས་བྱ་བར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་འགན་ལེན་བརྟན་པོ་འདོན་སྤྲོད་ཐུབ་རྒྱུ་ཡིན་པ་མཚོན་ཡོད།

མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་འབྱུང་མྱུར་བ་དང་འཕེལ་རྒྱས་མགྱོགས་པ། གནོད་འཚེ་ཆེ་བ་བཅས་ཡིན་པས། མཐོ་སྒང་དུ་གཏན་སྡོད་བྱེད་པའི་སྡོད་དམངས་དང་ཕྱི་ནས་ཡུལ་སྐོར་དུ་ཡོང་མཁན། ཕྱི་རུ་ལས་ཀ་ལས་པའི་མི་སྣ་བཅས་ཀྱི་ཚེ་སྲོག་བདེ་ཐང་ལ་ཐད་ཀར་འཇིགས་སྐུལ་ཐེབས་ཀྱིན་ཡོད་ལ། མཐོ་སྒང་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡང་ཚོད་འཛིན་ཐེབས་ཀྱིན་ཡོད། མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་རིམ་དབྱེ་འགོག་བཅོས་དངོས་གནས་ཡག་པོ་བྱ་ཆེད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་ལས་ཁུངས་གཉིས་རྩ་འཛུགས་བྱས་ཏེ་སི་ཁྲོན་སློབ་ཆེན་ཧྭ་ཞིས་སྨན་ཁང་དང་། ཀྲུང་གོ་དང་འཇར་པན་མཛའ་བརྩེའི་སྨན་ཁང་།  ཞིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སོགས་ཞིང་ཆེན་ཕྱི་ནང་གི་མཐོ་སྒང་གསོ་རིག་དང་། མྱུར་གཤིས་ནད་གཞི་ལྕི་བ། སྨན་བཅོས་དོ་དམ་ཁྱབ་ཁོངས་ཀྱི་ཆེད་མཁས་པས་མཉམ་འབྲེལ་བྱས་ཏེ། སྒྲིག་ཁོངས་ཀྱི《འཛུགས་སྐྲུན་ཚད་གཞིའི》འགག་སྒྲོལ་ནུས་ཤུགས་གཅིག་སྡུད་བྱས།    

《འཛུགས་སྐྲུན་ཚད་ལྡན》གསར་གཏོད་ཀྱིས་མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་གཞིའི“གཞི་རིམ་སྐྱོབ་བཅོས་ས་ཚིགས་ནས་རིམ་པ་དང་པོ་དང་རིམ་པ་གཉིས་པ། རིམ་པ་གསུམ་པ་བཅས་ཀྱི་སྐྱོབ་བཅོས་ལྟེ་གནས”ཀྱི་རིམ་པ་བཞིའི་སྐས་རིམ་རྣམ་པའི་སྐྱོབ་བཅོས་དྲ་རྒྱ་བཙུགས་ནས་རིམ་དབྱེའི་དཔྱད་བཅོས་དང་། གོང་འོག་མཉམ་འགུལ། མགྱོགས་པོར་དང་ལེན། ཡུལ་དངོས་སུ་ནུས་ཆེའི་ཐག་གཅོད་བྱེད་པའི་ཚད་ལྡན་ཅན་གྱི་སྐྱོབ་བཅོས་བྱ་བའི་མ་ལག་བཙུགས། གཞི་རིམ་གྱི་སྐྱོབ་བཅོས་ས་ཚིགས་ཀྱིས་མདུན་སའི་སོ་ལྟ་ས་ཚིགས་བརྟན་པོ་བཙུགས་ནས་ཉེན་ཆེའི་ཚགས་བཤེར་དང་། ཐོག་མའི་ཐག་གཅོད་དང་མགྱོགས་པོར་སྨན་ཁང་བསྒྱུར་བའི་འགན་འཁུར་ཏེ། མྱུར་སྐྱོབ་ཀྱི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱས། རིམ་པ་དང་པོའི་སྐྱོབ་བཅོས་ལྟེ་གནས་ཀྱི་འགན་ལེན་ས་ཁོངས་ཀྱི་ལྟེ་གནས་འགན་ནུས་ཀྱིས་ནད་ཡང་མོ་ཚད་ལྡན་གྱིས་ཐག་གཅོད་བྱེད་པ་དང་ནད་གཞི་ལྕི་བའི་ནད་པ་གོ་རིམ་ལྡན་པའི་སྒོ་ནས་སྤོ་སྒྱུར་བྱས། རིམ་པ་གཉིས་པའི་སྐྱོབ་བཅོས་ལྟེ་གནས་དེ་ཉེན་ཁ་ཆེ་བའི་ནད་གཞི་སྐྱོབ་བཅོས་ཀྱི་གཙོ་ཤུགས་ཡིན་པའི་ངོས་ནས། མཐོ་གནོན་དབྱང་ཚང་སོགས་ལྟེ་བའི་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཏེ། ས་ཁོངས་ཀྱི་སྐྱོབ་བཅོས་འགོག་ཐིག་བརྟན་པོ་བྱས། རིམ་པ་གསུམ་པའི་སྐྱོབ་བཅོས་ལྟེ་གནས་སུ་རིག་ཚན་མང་པོའི་རྩེར་སོན་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཐོན་ཁུངས་བཀོད་གཏོང་གཅིག་གྱུར་འཆར་འགོད་དང་།     དཀའ་གནད་དང་དོགས་གནད་མཉམ་བརྟག་དང་ཚན་ཞིབ་འགག་སྒྲོལ་བྱས་ཏེ། ཞིང་ཆེན་རིམ་པའི་སྐྱོབ་བཅོས་ཀྱི་ལྟེ་བའི་རིག་མཛོད་བསྐྲུན་ཡོད། ཆེད་དམིགས་དོ་དམ་དང་ཆེད་ལས་ཀྱི་སྐྱོབ་བཅོས་ཨུ་ཡོན་ལྷན་ཁང་མཉམ་དུ་བཙུགས་པ་དང་། ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་སྣེ་ཁྲིད་པའི་ཆུ་ཚད་མཐོ་བའི་ཆེད་མཁས་ཚོགས་པ་བཙུགས་ནས། རྒྱུན་རྣམ་ཅན་གྱིས་གཞི་རིམ་གྱི་སྨན་བཅོས་མི་སྣ་ཡོངས་སུ་ཁྱབ་པའི་ཆེད་དམིགས་གསོ་སྦྱོང་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་མཐོ་སྒང་ནད་སྨན་བཅོས་གཞི་གྲངས་མཉམ་སྤྱོད་དང་ཆ་འཕྲིན་འབྲེལ་མཐུད། ཐོན་ཁུངས་གསབ་རེས་བཅས་གཞི་གཅིག་ཅན་གྱི་ཞབས་ཞུའི་སྟེགས་བུ་བསྐྲུན་ཡོད། མིག་སྔར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་སྐྱོབ་བཅོས་ལྟེ་གནས་མནའ་འབྲེལ་བཙུགས་པ་དང་། མནའ་འབྲེལ་བཙུགས་པར་བརྟེན་ནས2026ལོའི་མྱུར་གཤིས་རང་བཞིན་གྱི་མཐོ་སྒང་ནད་སྐྱོབ་བཅོས་གསོ་སྦྱོང་བྱ་བ་སྤེལ་བ་དང་། ཞིང་ཆེན་ཡོངས་སུ“རིམ་གསུམ་ས་ཚིགས་གཅིག”གི་སྐྱོབ་བཅོས་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས། “མནའ་འབྲེལ་གྱིས་གཅིག་གྱུར་འཆར་འགོད་དང་།     ལྟེ་གནས་ཀྱིས་འདེགས་སྐྱོར། གཞི་རིམ་མཉམ་འགུལ། ཁྱབ་ཁོངས་ཡོངས་སུ་ཁྱབ་པའི”མཐོ་སྒང་མྱུར་སྐྱོབ་བྱ་བའི་རྣམ་པ་གསར་པ་རིམ་བཞིན་ཆགས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།