ཟླ5པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་པའི་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ལས་ཞུགས་ལས་གཏོད་མནའ་འབྲེལ་དངོས་སུ་བཙུགས། མནའ་འབྲེལ་འདིས་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་རོགས་སྐྱོར་མུ་ཕྲེང་གི་སྟོང་ཆ་བསྐངས་ནས། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་།
དབང་པོ་སྐྱོན་ཅན་གྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ལས་ཞུགས་ལས་གཏོད་མནའ་འབྲེལ་བཙུགས་པ་ནི། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་པོ་སྐྱོན་ཅན་བྱ་གཞག་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱེད་ཐབས་རྣལ་མ་ཞིག་ཡིན་ལ།《མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་སྤེལ་གཏོང་བའི2025ལོནས2027ལོའི་བར་གྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་ཇུས་གཞི》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན། འདིའི་དམིགས་ཡུལ་ནི་ཕྱོགས་སོ་སོའི་ཐོན་ཁུངས་བསྡུ་སྒྲིལ་དང་སྦྲེལ་མཐུད་ལས་སྟེགས་བསྐྲུན་ནས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ཁྲོད། “ལས་གནས་ཉུང་བ་དང་ཐབས་ལམ་ཉུང་བ། སྦྲེལ་མཐུད་དཀའ་བ”བཅས་ཀྱི་ལྷག་ལུས་གནད་དོན་སེལ་ཏེ། དབང་པོ་སྐྱོན་ཅན་སྔར་ལས་མང་བས་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས། ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་བ་དང་མི་ཚེ་དོན་ལྡན་ཞིག་སྐྱེལ་ཐུབ་པའི་ཆེད་དུ་ཡིན།
མཛད་སྒོའི་སྟེང་། རྐང་འཛིན་ཁོངས་ཞུགས་ལས་ཁུངས14ཡིས་མཉམ་དུ་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་གྲོས་འགོ་བཏོན་ནས། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ལས་ཞུགས་ཀྱི་སྣེ་ཁྲིད་པ་དང་ལག་བསྟར་པ། སྐུལ་འདེད་པ། སྲུང་སྐྱོང་པ་བཅས་སུ་འགྱུར་བར་བརྩོན་ལེན་བྱས་ཏེ། སྲིད་ཇུས་ཀྱི་འདེགས་སྐྱོར་དང་འགན་སྲུང་མ་ལག་ལ་ཤུགས་བསྣན་ནས། དབང་པོ་སྐྱོན་ཅན་འདྲ་མཉམ་ངང་སྤྱི་ཚོགས་ནང་ཞུགས་པ་དང་རིན་ཐང་མངོན་འགྱུར་ཡོང་བར་རོགས་རམ་བྱ་རྒྱུ་རེད།
འགོ་རྩོམ་མཛད་སྒོ་གྲོལ་རྗེས་མནའ་འབྲེལ་གྱིས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོ་འཚོགས། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞིར་དམིགས་ནས་གནད་འགག་གི་བྱེད་ཐབས་གསུམ་ཁ་གསལ་བཟོས་ཡོད་དེ། སྲིད་ཇུས་རང་བཞིན་གྱི་ལས་གནས་མཐའ་སྐྱོར་དམ་འཛིན་དང་ཁྲོམ་རའི་བྱེད་པོའི་ནུས་སྤྲོད་ཤུགས་ཆེ་རུ་གཏོང་བ། རང་བརྟེན་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན།