ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རོང་འབྲོག་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བརྙན་འཕྲིན་གཏམ་བཤད་འགྲན་བསྡུར་སྐབས་གསུམ་པའི་ཐོག་མའི་འགྲན་བསྡུར་ཞིང་ཆེན་ཡོངས་སུ་བདེ་བླག་ངང་མཇུག་སྒྲིལ། གྲོང་ཁྱེར་དང་ཁུལ་སོ་སོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་རིམ་པ་བཞིན་བདམས་གསེས་བྱས་པ་བརྒྱུད་མཇུག་མཐར་གཞི་རིམ་རོང་འབྲོག་མང་ཚོགས་ཀྱི་ཏང་ཡོན28ཞིང་ཆེན་རིམ་པའི་བསྐྱར་འགྲན་དང་རྟིང་རྩོད་འགྲན་བསྡུར་ཁྲོད་ཚུད།
སྐབས་འདིའི་འགྲན་བསྡུར་གྱིས་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་ཏང་ཡོན་ཚོགས་པར་དམིགས་ནས། ཏང་འཛུགས་ཀྱིས་སྣེ་ཁྲིད་དང་ཏང་ཡོན་གྱིས་དཔེ་སྟོན་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། གནད་འགག་ཉུང་ཤས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས། རྨ་ཙོང་ལུང་གཞུང་ནས་གངས་ལྗོངས་མཐོ་སྒང་བར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོས་ཧུར་ཐག་གིས་རྩ་འཛུགས་བྱས་པ་དང་། འགྲན་ཞུགས་པ་རྣམས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཆོས་ལུགས་མི་སྣ་སོགས་ཡིན་ལ། ཁོ་ཚོ་ནི་ཐོན་སྐྱེད་བྱེད་མཁན་ཡིན་པ་མ་ཟད། སྐད་ཡིག་སྒྲོག་འགྲེལ་གྱི་སྣེ་ཁྲིད་པ་ཡང་ཡིན།
འགྲན་བསྡུར་ཁྲོད་འགྲན་ཞུགས་པ་ཚོས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་བབ་ཆགས་ཀྱི་སྐད་ཆ་བཀོལ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པའི་འགྱུར་ལྡོག་གི་གཏམ་རྒྱུད་བརྗོད། མཚོ་ཤར་གྱི་འགྲན་ཞུགས་པ་ལའོ་ཞུའེ་ལེན་གྱིས་སྤྱི་སྐད་ཀྱིས་ཁྱིམ་ལས་ཞབས་ཞུའི་ལས་ཞུགས་ལ་རོགས་རམ་བྱས་པའི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། ཡུས་ཧྲུའུ་ཡི་འགྲན་ཞུགས་པས་ཡོམ་འགོག་གནོད་སེལ་ནས་གྲོང་གསེབ་དར་སྤེལ་བར་གྱི་འགྱུར་ལྡོག་ཆེན་པོར་ཕྱིར་དྲན་བྱས་ཏེ། ཏང་གི་དྲིན་ཤེས་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་སེམས་སྒྲ་བརྒྱུད་སྤྲོད་བྱས། ས་གནས་སོ་སོས་ཁྱབ་ཁོངས་མང་པོའི་ཆེད་མཁས་པའི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཆབ་སྲིད་བྱང་ཚད་དང་དོན་དངོས་རང་བཞིན་གྱི་འགག་སྒོ་ནན་སྲུང་བྱས། མིག་སྔར། ཞིང་ཆེན་རིམ་པའི་བསྐྱར་འགྲན་དང་རྟིང་རྩོད་འགྲན་བསྡུར་གྱི་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། བདམས་ཐོན་བྱུང་ཟིན་པའི་འགྲན་ཞུགས་པ་རྣམས་ཀྱིས་དངོས་ཡོད་གཏམ་རྒྱུད་ལ་བརྟེན་ནས་དུས་རབས་གསར་པའི་རོང་འབྲོག་པའི་ཏང་ཡོན་གྱི་རྣམ་པ་གསར་པ་མངོན་རྒྱུ་རེད།