ཟླ5ཚེས16ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི2026ལོའི་འཕུར་སྐྱོད་ཐོག་མ་དེ་ཁམས་ར་གྲོང་རྡལ་བྲག་ཁང་སྣ་ཁ་སྡེ་བ་ནས་འགོ་བརྩམས་པ་དེས་རྨ་ལྷོ་ཁུལ་གྱི་དམའ་དབྱིངས་རིག་གནས་ཡུལ་སྐོར་ལས་གཞི་ཐོག་མ་དངོས་སུ་ལེགས་གྲུབ་བྱུང་བ་མཚོན་པ་དང་། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་གསར་གཏོད་དང་མཁའ་དབྱིངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན།
ཐེངས་འདིའི་བྱེད་སྒོ་ནི་གཅན་ཚ་རྫོང་གི་རྨ་ཀླུང་སྔོན་མོ་དང་། ཁམས་རའི་མཛེས་ལྗོངས་སོགས་སྐྱེ་ཁམས་ཐོན་ཁུངས་སྤུས་ལེགས་ལ་བརྟེན་ནས་ས་གནས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། བྱེད་སྒོ་སྤེལ་ཡུལ་དུ་འཕུར་སྐྱོད་འཕྲུལ་ཆས་དང་། ལུས་རྩལ་གནམ་གྲུ་ཆུང་གྲས་གཅིག་རྗེས་གཉིས་མཐུད་ངང་འཕུར་ནས་གཙང་པོའི་འགྲམ་རྒྱུད་དུ་རྩལ་རྩེད་འཕུར་སྐྱོད་འཁྲབ་སྟོན་བྱས་པ་དང་། ངོ་མཚར་ཆེ་བའི་མཁའ་དབྱིངས་འཁྲབ་སྟོན་གྱིས་མང་ཚོགས་མང་པོའི་ཡིད་དབང་བཀུག་ནས་གྲོང་མི་དང་ཡུལ་སྐོར་བ་ཚོས་མཐོ་སྒང་གི་རྨ་ཆུའི་མཁའ་དབྱིངས་འཕུར་སྐྱོད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས།
ཉེ་བའི་ལོ་ཤས་རིང་། གཅན་ཚ་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དམ་འཛིན་བྱས་ཏེ། སྔོན་ཐོན་ས་ཁུལ་གྱི་འཕེལ་རྒྱས་ཉམས་མྱོང་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་མཁའ་དབྱིངས་ཐོན་ལས་ཀྱི་བཀོད་སྒྲིག་ཇུས་འགོད་བྱས་པ་དང་། དུས་རིམ་རང་བཞིན་གྱི་འཕེལ་རྒྱས་བསམ་བློ་གཏན་འཁེལ་བྱས་ནས། "1+1+N"དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་མ་ལག་འཛུགས་སྐྲུན་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་དམའ་དབྱིངས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་གྱིས་སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་ནུས་མང་བའི་མཁའ་དབྱིངས་རིག་གནས་ཡུལ་སྐོར་རྣམ་གྲངས་དེར་ཡུལ་སྐོར་ལྟ་སྐོར་དང་། ཚོང་རྟགས་དུས་ཆེན། འཕྲལ་སྡོམ་འགན་སྲུང་བཅས་ཀྱི་བྱེད་ནུས་མང་པོ་མཉམ་འདྲེས་བྱས་ཡོད། ཕྱོགས་ཡོངས་ནས་བེད་སྤྱོད་བྱས་རྗེས། ཡུལ་སྐོར་བས་མཁའ་དབྱིངས་ནས་རྨ་ཀླུང་སྔོན་མོ་དང་། ཁམས་རའི་མཛེས་ལྗོངས། ཁྱད་ལྡན་གྲོང་གསེབ་བཅས་ཀྱི་རྣམ་པ་ཡོངས་རྫོགས་མཐོང་ཐུབ་པས། རིག་གནས་ཡུལ་སྐོར་གྱི་མྱོང་ཚོར་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ། དུས་མཚུངས་སུ་ས་གནས་དེས་རྒྱུན་རྣམ་ཅན་གྱི་མཁའ་འགྲུལ་བརྗོད་དོན་གཙོ་བོའི་དུས་ཆེན་གྱི་བྱེད་སྒོ་སྤེལ་ནས་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡནIPགསོ་སྐྱོང་བྱས་ཏེ་གཅན་ཚ་རྫོང་གི་རིག་གནས་ཡུལ་སྐོར་གྱི་མིང་བྱང་ཇེ་ལེགས་སུ་གཏོང་རྒྱུ་རེད། གཞན་ཡང་རྣམ་གྲངས་དེས་ད་དུང་རི་ཁུལ་གྱི་མཁའ་དབྱིངས་ནས་དངོས་ཟོག་སྐྱེལ་འདྲེན་དང་མཁའ་དབྱིངས་ནས་འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ལས་འགན་འཁུར་ནས་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་བདེ་འཇགས་འགན་སྲུང་ལ་ལྟ་རྟོག་བྱེད་ཐུབ།