2026 ལོའི་ཟླ3 ཚེས12 ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་དོན་གཅིག་པར་མཚན་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས་ཏེ7 ཚེས1 ཉིན་ནས་ལག་བསྟར་བྱས། དེ་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ལས་དོན་གྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་གི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། དེ་བས་བཅའ་ཁྲིམས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་སྐུལ་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མཉམ་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏང་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ཀྱི་ཁྲིམས་ལུགས་ཀྱི་གནས་གཏན་འཁེལ་ལ་སྟངས་འཛིན་ཡང་དག་བྱེད་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་གཏན་འབེབས་བྱས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་་ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་དམིགས་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཕྱོགས་གནས་དང་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་དང་ཁྲིམས་འཛུགས་ལས་འགན་གལ་ཆེན་ཞིག་རེད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་མཐོ་ཚད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འདི་བཟོ་གྱི་སྙིང་བོ་ལ་ངོས་འཛིན་གསལ་བོ་བླངས་ནས་ཐུན་མོང་མ་ཡིན་པའི་བཅའ་ཁྲིམས་དེའི་ངེས་གནས་དང་ཁྲིམས་སྐྱོང་ཀྱི་བྱེད་ནུས་ཡང་དག་པ་ཞིག་ཁོང་དུ་ཆུད་དགོས།
(གཅིག)འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ལས་དོན་གྱི་སྲིད་ཇུས་ཆེན་པོ་ངོམ་བསྒྲགས་བྱེད་པའི་བཅའ་ཁྲིམས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་མི་རིགས་ལས་དོན་ལ་བཀོད་སྒྲིག་གནང་བ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཞི་རྐང་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དང་། མི་རིགས་ས་ཁུལ་གྱི་ལས་དོན་ཁག་ཡིན་པ་གསལ་པོར་བཏོན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་འདི་གྲུབ་པ་དང་། དེས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་གཏན་འབེབས་བྱེད་དོན་ནི། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་དག་རྒྱལ་ཁབ་ཀྱི་འདུན་པ་དང་བཅའ་ཁྲིམས་ཀྱི་གཏན་འབེབས་སུ་བསྒྱུར་ཏེ། ཁྲིམས་སྐྱོང་གི་རྩ་བ་སྲ་བརྟན་དང་། སྔོན་དཔག་ཇེ་བརྟན། ཕུགས་རྒྱང་ལ་ཕན་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་ཆེད་ཡིན། བཅའ་ཁྲིམས་མ་ལག་འདིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་མཛུབ་སྟོན་བསམ་བློ་དང་། གཞི་རྩའི་རྩ་དོན། ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས། བཅའ་ཁྲིམས་ཀྱི་འགན་འཁྲི་བཅས་གཏན་འབེབས་ཡོད་པས། ང་ཚོ་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཐད་ཡང་དག་པའི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་གསལ་པོར་བསྟན་ཡོད།
(གཉིས)འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་སྤྱི་ཡོངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་སྐུལ་སྤེལ་རང་བཞིན་གྱི་ཁྲིམས་ལུགས་ཤིག་ཡིན། བཅའ་ཁྲིམས་འདིས་མི་རིགས་མཐུན་སྒྲིལ་གྱི་ཚེ་སྲོག་གི་སྐུད་པ་འདི་དམ་པོར་བཟུང་ཐོག ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་རང་བཞིན་གྱི་ཟུར་ཚད་དང་མི་རིགས་སོ་སོའི་ཐུན་མོང་གི་ཁེ་ཕན་ལ་གཞི་བཅོལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་འཛུགས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཟེངས་སུ་བཏོད་པར་བརྟེན་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་མི་རིགས་འབྲེལ་བ་ལེགས་སྒྲིག་བྱེད་ཀྱི་ཡོད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་ཀྱི་གོ་རིམ་གསེད་བཀྲོལ་རྒྱུད་རིམ་ལྡན་པ་བྱས་ཏེ། ཐུན་མོང་ལྔ་ཡི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་གནད་དུ་བཟུང་ནས་གསལ་བཤད་བྱས་ཡོད། མི་རིགས་སོ་སོའི་ཁྲག་རྒྱུན་གཅིག་འདྲེས་དང་། འདུ་ཤེས་གཅིག་མཚུངས། རིག་གནས་འབྲེལ་འདྲིས། དཔལ་འབྱོར་ཕན་ཚུན་བརྟེན་རེས། བརྩེ་དུང་གཅིག་མཐུན་བཅས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཆགས་སུ་འཇུག་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་ཆགས་གྲུབ་ནས་འཕེལ་རྒྱས་འགྲོ་བ་ནི་མི་སེམས་གཏད་ཕྱོགས་དང་འཕེལ་ཕྱོགས་ཆེན་པོ། ལོ་རྒྱུས་ཀྱི་ལྡོག་མེད་གདམས་ཀ་ཡིན་པ་གཏིང་ཟབ་མོས་གསལ་བཤད་བྱས་ཡོད་པས། ཁྲིམས་འཛུགས་ཀྱི་དགོངས་དོན་ཤིན་ཏུ་གསལ་བ་སྟེ། མི་རིགས་ཁག་གི་མི་དམངས་ཀྱིས་སྐྱིད་སྡུག་དང་། གཟི་ཁྲེལ། འཆི་གསོན་བཅས་མཉམ་དུ་མྱོང་དགོས་པའི་ལས་དབང་གཅིག་མཐུན་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་མོས་མཐུན་བྱེད་པའི་བསམ་བློ་མི་འགྱུར་བརྟན་པོ་ཡོང་དགོས་པ་ལ་ཁ་ཕྱོགས་གསལ་བོ་བསྟན།
(གསུམ)འདི་ནི་རྩ་ཁྲིམས་ལག་བསྟར་དང་འབྲེལ་བའི་གཏན་འབེབས་ཤིག་དང་། མི་རིགས་ལས་དོན་ཐག་གཅོད། མི་རིགས་ལས་དོན་སྒྲུབ་གཉེར་གྱི་གཞི་རྩའི་བཅའ་ཁྲིམས་ཤིག་རེད། བཅའ་ཁྲིམས་དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་དམིགས་སུ་གླེང་གཞི་བཀོད་པའི་པའི་བཅའ་ཁྲིམས་གསར་པ་འབའ་ཞིག་ཡིན་ཞིང་། དེས་གཅིག་གྱུར་རང་བཞིན་དང་རྩ་འཛིན་རང་བཞིན་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གནས་བབ་གང་ལེགས་མཚོན་ཡོད། བཅའ་ཁྲིམས་འདིས་རྩ་ཁྲིམས་གྱི“མི་རིགས་ཁག་གི་འདྲ་མཉམ་དང་མཐུན་སྒྲིལ་རོགས་རེས་ཀྱི་འཆམ་མཐུན་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ”“རྒྱལ་ཁབ་ཀྱིས་འབད་བརྩོན་གང་ཐུབ་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད”“ ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ”“མི་རིགས་གང་རུང་ལ་མཐོང་ཆུང་དང་གཉའ་གནོན་བྱེད་མི་ཆོག་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་མི་རིགས་ཁ་བྲལ་དུ་གཏོང་བའི་བྱ་སྤྱོད་བཟོ་མི་ཆོག་པ”སོགས་སྐོར་གྱི་གཏན་འབེབས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཡོད་ཅིང་། སྤྱི་དམངས་མི་སྒེར་དང་། རྒྱལ་ཁབ་ལས་ཁུངས། གཞུང་ཞབས་པ། རིམ་པ་ཁག་གི་དམངས་འཐུས། མང་ཚོགས་ཀྱི་ཚོགས་པ་རྩ་འཛུགས་། ཁེ་ལས་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས། ཆོས་ལུགས་ཚོགས་པ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས། དམག་དཔུང་ལ་སོགས་བྱེད་པོའི་དབང་ཆ་དང་འོས་འགན། འགན་འཁྲི་བཅས་ཀྱི་བླང་བྱ་གཏན་འབེབས་གསལ་བོ་བྱས་ཡོད་པས། དེ་ནི་དུས་རབས་གསར་པའི་མི་རིགས་ལས་དོན་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད།
མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཀྱི་གོ་དོན་དང་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དེ་ནི་མ་ལག་ཆ་ཚང་ཞིང་། ནང་དོན་ཕྱོགས་ཡོངས་ལ་ཁྱབ་པ། གོ་དོན་ཕུན་སུམ་ཚོགས་པའི་བཅའ་ཁྲིམས་ཤིག་ཡིན་ལ། རིན་ཐང་གི་ཕྱོགས་སྟོན་དང་དུས་རབས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པ། ལམ་ལུགས་ཀྱི་གཏན་ཚིགས་གཏིང་ཟབ་པའི་ཁྱད་ཆོས་མངོན་གསལ་ལྡན།
(གཅིག)གཙོ་ཐིག(主线)གི་སྣེ་ཁྲིད་གཟེངས་སུ་བཏོད་དེ་མཐའ་འཁྱོངས་བྱེད་དགོས། བཅའ་ཁྲིམས་དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་གཞི་རྐང་གི་བླང་བྱ་དེ་བཅའ་ཁྲིམས་ཀྱི་ནང་དོན་ཡོངས་ལ་སྐྱ་འཐིབས་སུ་བཅུག་སྟེ། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་ལ་ཕན་ཐོགས་མིན་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཆེར་བསྐྱེད་ཐུབ་མིན་དེ་ཉམས་ཚོད་ལེན་བྱེད་བླང་བྱ་གཙོ་བོ་ཞིག་ལ་བརྩིས་ཡོད། གླེང་གཞི་ཡི་ནང་དུ་དར་ཆ་མངོན་གསལ་བསྒྲེངས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བྱུང་འཕེལ་ལོ་རྒྱུས་ཀྱི་གོ་རིམ་ཕྱོགས་ཡོངས་ནས་གསལ་སྟོན་བྱས་ནས་ཁྲིམས་ངོས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ངེས་གནས་གཏན་འཁེལ་བྱས་ཡོད། སྤྱིའི་རྩ་དོན་གྱིས་ཕྱོགས་ངེས་གྱི་ཚད་གཞི་བཟོས་ཏེ། ཐེངས་དང་པོར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཟོ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་རྨང་གཞི་ཅན་གྱི་ཐ་སྙད་གལ་ཆེན་གཏན་འབེབས་ཐད་ལ་བཅའ་ཁྲིམས་ཀྱིས་འགྲེལ་བཤད་བརྒྱབ་པ་དང་། ཐུན་མོང་རང་བཞིན་ལ་ཡར་རྒྱས། ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བསྟུན་མཁས་བྱེད་པའི་ལས་ཀའི་རྩ་དོན་དོན་འཁྱོལ་བྱས་ནས་གཙོ་ཐིག་དམིགས་འཛིན་དང་། གཙོ་ཐིག་ལ་ཞབས་ཞུ། གཙོ་ཐིག་ལ་འགན་ལེན་བཅས་བྱེད་པར་ཚད་གཞི་བཟོ་རྒྱུ་དང་། བྱེད་ཐབས་ཕུན་སུམ་ཚོགས་པའི་སྒོ་ནས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཐད། “ངོས་འཛིན་ལྔ”ཇེ་བརྟན་དུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱ་རྒྱུ་ཁ་གསལ་བཟོས་ཡོད། འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཆ་རྐྱེན་འཐུས་ཚང་དུ་གཏོང་རྒྱུ་ཁ་གསལ་བཟོས། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཐད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པར་དུ་ཕན་པ་ཡོད་པ་དང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པར་ཕན་པ་ཡོད་པ།དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བར་ཕན་པ་ཡོད་པའི་ཐད་དུས་རབས་གསར་པའི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་ཀྱི་ལས་དོན་ཁག་དེ་གཙོ་གནད་ཐད་ཤུགས་སྣོན་རྒྱག་པའི་དམིགས་ཚད་དང་བླང་བྱ་གསལ་སྟོན་བྱས།
(གཉིས)རྒྱུན་འཁྱོངས་དང་གསར་གཏོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། བཅའ་ཁྲིམས་འདིས་ཁ་ཕྱོགས་ཡང་དག་དང་ཁྲིམས་སྐྱོང་གཅིག་གྱུར། ལམ་ལུགས་བརྟན་པོ།སྲིད་ཇུས་རྒྱུན་མཐུད་བཅས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་རིགས་འདྲ་མཉམ། མི་རིགས་མཐུན་སྒྲིལ། མི་རིགས་ཡར་ཐོན་སོགས་ཀྱི་རྩ་དོན་གལ་ཆེན་གཏན་འབེབས་བྱས་ཤིང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ་སོགས་ཀྱི་ལས་ཀའི་བརྗོད་བྱ་གཙོ་བོ་གཏན་འབེབས་བྱས་ཡོད་ལ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་གཏན་འབེབས་བྱས་ཡོད། གལ་ཆེའི་གཏན་འབེབས་འདི་དག་གིས་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་གཞི་རྩའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཡོད་ཅིང་། ཏང་གི་མི་རིགས་ལས་དོན་གྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱས་ཡོད། དུས་མཚུངས་སུ། བཅའ་ཁྲིམས་འདིས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོར་དམིགས་ཏེ། སྲིད་ཇུས་ཀྱི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དོ་སྣང་བྱས་ཡོད་ཅིང་། མི་རིགས་ཁག་གིས་ཐུན་མོང་དུ་སྤྱོད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་བསྐྲུན་པ་འབུར་དུ་ཐོན་པ། ཀྲུང་གོས་རང་བདག་གི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་ལོ་རྒྱུས་ཡིག་ཆའི་མ་ལག་དང་།སྐད་ཆའི་མ་ལག རིགས་པའི་གཞུང་ལུགས་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བླང་བྱ་གསར་པ་གཏན་འབེབས་བྱས་ཡོད། གཏན་འབེབས་གསར་པ་དང་སྦྲེལ་མཐུད་བྱེད་པར་དོ་སྣང་བྱས་ཏེ། 2023 ལོར་ཁྱབ་བསྒྲགས་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་དང་།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་བཟོ་བཅོས་གསར་པ་བྱས་པ་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་ནང་དོན་གང་ལེགས་མཚོན་ཡོད། གནད་དོན་གྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བར་དོ་སྣང་བྱས་ཏེ།རྒྱལ་སྤྱིའི་བརྒྱུད་སྤེལ་ནུས་པ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སོགས་ཀྱི་ཞན་ཆ་ལ་གསར་གཏོད་ཀྱི་བྱ་ཐབས་བཏོན་ཡོད་ལ། ང་ཚོའི་ཏང་གིས་དུས་རབས་དང་བསྟུན་པའི་རིགས་པའི་གཞུང་ལུགས་ཀྱི་གཤིས་རྒྱུད་དང་། མི་གཙོ་བོར་འཛིན་པའི་སྲིད་སྐྱོང་འདུ་ཤེས། གསར་གཏོད་ཡར་བརྩོན་གྱི་འབད་འཐབ་སྙིང་སྟོབས་བཅས་གང་ལེགས་མཚོན་ཡོད།
(གསུམ) ཁྲིད་སྟོན་དང་ཚད་བཀག་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བཅའ་ཁྲིམས་འདི་ནི་སྐུལ་སྤེལ་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན་པའི་ཆ་ནས། དྲིལ་བསྒྲགས་དང་ཁྲིད་སྟོན། རྒྱབ་སྐྱོར། སྐུལ་ལྕག་བཅས་བྱ་རྒྱུ་དེ་གལ་ཆེའི་བྱེད་ཐབས་སུ་བརྩིས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་བསམ་བློ་དྲིལ་བསྒྲགས་བྱ་རྒྱུ་འབུར་དུ་ཐོན་པར་བྱས་ཏེ།རིག་གནས་མཉམ་འདྲེས་དང་སྤྱི་ཚོགས་མཉམ་འདྲེས། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཐབས་འདོན་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་དུ་ཞུགས་པའི་སྐུལ་སློང་བཀའ་རྒྱ་བཏང་སྟེ། རིན་ཐང་ཁྲིད་སྟོན་དང་།སྲིད་ཇུས་ཁྲིད་སྟོན། བྱ་སྤྱོད་ཚད་ལྡན་བཅས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་རྩ་བ་ཚུགས་ཤིང་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ་བཅའ་ཁྲིམས་ཀྱི་གཅུན་འདོམས་རང་བཞིན་ལ་དོ་སྣང་བྱས་ཏེ། གཅུན་ནུས་དང་ལག་བསྟར་ནུས་པ་ལྡན་པར་འགན་ལེན་བྱེད་དགོས་ཤིང་། འབྲེལ་ཡོད་བྱེད་པོས་འགན་སྒྲུབ་མི་འདང་བ་དང་།རྩ་འཛུགས་དང་མི་སྒེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བཤིག་གཏོང་བའི་གནས་ཚུལ་ལ་ཁྲིམས་ལུགས་ཀྱི་འགན་འཁྲི་སོ་སོར་བཀོད་སྒྲིག་བྱས་ཏེ། བྱེད་པོ་མང་བ་དང་རིམ་པ་མང་བའི་འགན་འཁྲིའི་མ་ལག་འཛུགས་དགོས་ཤིང་། དྲག་ཤུགས་འཇིགས་སྐུལ་གྱི་བྱ་སྤྱོད་དང་མི་རིགས་ཁ་ཕྲལ་གྱི་བྱ་སྤྱོད། ཡང་ན་ཆོས་ལུགས་ཐལ་དྲགས་ཀྱི་བྱ་སྤྱོད་བཅས་རྩ་འཛུགས་དང་ཇུས་འགོད། ལག་བསྟར་བཅས་བྱས་ནས་ཉེས་གསོག་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། ཁྲིམས་ལུགས་ཀྱི་ཕྱི་རྒྱལ་དུ་ནུས་པ་ཐོན་པའི་ཁྱབ་ཁོངས་གཏན་འབེབས་བྱས་ནས་ཀྲུང་གོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་ཀྱི་མཚོན་ཆ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཅིང་། གཏན་འབེབས་འདི་དག་གིས་མཉེན་པའི་ཁྲིད་སྟོན་དང་མཁྲེགས་པོའི་གཅུན་སྡོམ་ཟུང་འབྲེལ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་དེ་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་གི་དད་མོས་སུ་འགྱུར་པ་དང་།སྤྱི་དམངས་ཡོངས་ཀྱི་བྱ་སྤྱོད་རང་རྟོགས་སུ་འགྱུར་བར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར་གྲོས་འཆམ་བྱུང་ཡིན་ཞིང་། དོན་སྙིང་དོན་ཆེ་ལ་དུས་སྐབས་ཀྱང་གལ་ཆེན་ཞིག་རེད། ཡང་དག་པའི་སྲིད་འབྲས་ལྟ་བ་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།
(གཅིག)ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་དེ་ཁྲིམས་ལུགས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལ་ཁྱབ་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་རྩ་བའི་གཞི་འཛིན་སར་བྱས་ནས། བཅའ་ཁྲིམས་ལག་བསྟར་སྐུལ་འདེད་གཏོང་པའི་གོ་རིམ་ཁྲོད་ཐུན་མོང་རང་བཞིན་དང་བར་ཁྱད་རང་བཞིན་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་རིགས་སོ་སོའི་འདུ་ཤེས། ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས། དངོས་པོ་དང་བསམ་པའི་རིག་གནས་བར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཏེ། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་གཅིག་གྱུར་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་དམ་ཟབ་བཅས་བྱེད་དགོས།
(གཉིས) དྲིལ་བསྒྲགས་འགྲེལ་བཤད་ལ་ཤུགས་སྣོན་རྒྱག་དགོས། བཅའ་ཁྲིམས་ཀྱི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྨྱན་སྦྱོར་གྱི་ཐོན་ཁུངས་དང་སྟེགས་བུ་སྣ་ཚོགས་གང་ལེགས་སྤྱད་དེ།སྤྱི་ཚོགས་ཡོངས་ཀྱིས་བཅའ་ཁྲིམས་ཀྱི་སྙིང་དོན་དང་ལག་ལེན་རིན་ཐང་ལ་ངོས་འཛིན་དང་ཁས་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་གཟའ་འཁོར་དང་འབྲེལ་ཡོད་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུ་དེ་ལས་ཁུངས་དང་སྡེ་ཁུལ།སློབ་གྲྭ།སྤྱི་ཚོགས་རྩ་འཛུགས་བཅས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་བཅའ་ཁྲིམས་ལག་བསྟར་བྱེད་པར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ལ། འབྲེལ་ཡོད་ཚན་ཞིབ་སྒྲིག་གཞི་དང་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིབ་འཇུག་འགྲེལ་བཤད་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་ལམ་ལུགས་ཇུས་འགོད། ལག་ལེན་ལམ་བུ་བཅས་གསལ་པོ་བཤད་དེ། བཅའ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཡང་དག་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་སྐད་ཆ་ཤོད་དབང་དམ་པོར་བཟུང་དགོས།
(གསུམ) ཁྲིམས་ལྟར་མི་རིགས་ལས་དོན་གྱི་དོ་དམ་ལ་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ།ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་དུས་ཐོག་ཏུ་འབྲེལ་ཡོད་ཁྲིམས་སྲོལ་སྲིད་ཇུས་བཟོ་བཅོས་འཐུས་ཚང་དུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་རྒྱུ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ།སྲིད་ཇུས་བྱེད་ཐབས་གང་ཞིག་ཡིན་རུང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུར་ཕན་ཐོགས་ཡོད་མེད་ལ་ཐོག་མར་བསམ་བློ་གཏོང་དགོས་ཤིང་། ལམ་ལུགས་ཀྱི་ལེགས་ཆ་དང་བཅའ་ཁྲིམས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། འགན་འཁུར་མཁན་ལས་ཁུངས་ཁག་གི་འགན་འཁྲི་སྒྲུབ་ཤུགས་མི་འདང་བ་དང་།རྩ་འཛུགས་དང་མི་སྒེར་སྣ་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། མི་རིགས་དང་ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཁ་གཡར་ནས་དམའ་འབེབས་དང་རྡུང་རྡེག་གཏོང་བ། སིམ་འཛུལ་གཏོར་བཤིག་གཏོང་བ་སོགས་ཀྱི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།
(བཞི་པ) ལས་ཀའི་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས། འགན་སྲུང་དང་ལྟ་སྐུལ་བྱེད་ཐབས་དོན་འཁྱོལ་སྔར་ལས་ལྷག་པ་བྱེད་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གྱི་གནས་བབ་ཧྲིལ་པོའི་ནུས་པ་འདོན་སྤེལ་བྱེད་དགོས་པ། མི་རིགས་ལས་དོན་གྱི་གནས་བབ་འཐུས་སྒོ་ཚང་དུ་གཏོང་དགོས་པ། ལག་བསྟར་གྱི་མཉམ་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཡིན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་ལས་དོན་སྡེ་ཁག་གིས་ཁྲིམས་བཀོད་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་སྐུལ་འདེད་དོན་འཁྱོལ་བྱེད་པའི་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ། འབྲེལ་ཡོད་ས་གནས་དང་སྡེ་ཁག་དང་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱས་ནས། རིམ་པ་རེ་རེ་བཞིན་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། རྗེས་སྙེག་འདྲི་རྩད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁྲིམས་ལུགས་ཀྱི་གཏན་འབེབས་དང་ཁྲིམས་ལུགས་ཀྱི་སྙིང་སྟོབས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས།